ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་རྒྱལ་སྤྱིའི་ཆོས་དད་རང་དབང་ཚན་པའི་སྐུ་ཚབ་ཆེན་མོས་༧གོང་ས་མཆོག་དང་མཇལ་མོལ།


2019.10.28
ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་རྒྱལ་སྤྱིའི་ཆོས་དད་རང་དབང་ཚན་པའི་སྐུ་ཚབ་ཆེན་མོས་༧གོང་ས་མཆོག་དང་མཇལ་མོལ་སྐབས། ༢༠༡༩།༡༠།༢༨ ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་རྒྱལ་སྤྱིའི་ཆོས་དད་རང་དབང་ཚན་པའི་སྐུ་ཚབ་ཆེན་མོས་༧གོང་ས་མཆོག་དང་མཇལ་མོལ་སྐབས། ༢༠༡༩།༡༠།༢༨
OHHDL

ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་རྒྱལ་སྤྱིའི་ཆོས་དད་རང་དབང་ཚན་པའི་སྐུ་ཚབ་ཆེན་མོ་བཞུགས་སྒར་དུ་ཆེད་ཕེབས་ཀྱིས་༧གོང་ས་མཆོག་དང་སྲིད་སྐྱོང་བཅས་བར་མཇལ་མོལ་གནང་འདུག
ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་རྒྱལ་སྤྱིའི་ཆོས་དད་རང་དབང་ཚན་པའི་སྐུ་ཚབ་ཆེན་མོ་སེམ་ སྦརོཎ་སྦེཀ་(Sam Brownback)་མཆོག་གིས་སྣེ་ཁྲིད་པའི་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་བཞུགས་སྒར་རྡ་རམ་སཱ་ལར་ཆེད་ཕེབས་ཀྱིས། ཕྱི་ཟླ་ ༡༠་ཚེས་ ༢༨་ཉིན། བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དང་ཕོ་བྲང་དུ་མཇལ་འཕྲད་ཞུས་འདུག  
སྐུ་ཞབས་(Sam Brownback)་མཆོག་གིས་སྣེ་ཁྲིད་པའི་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་སྐུ་ཚབ་རྒྱ་གར་རྡ་རམ་ས་ལར་ཕེབས་པ་ནི། ཨ་མི་རི་ཀའི་གཞུང་གིས་བོད་མི་དམངས་དང་། སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་རྒྱབ་སྐྱོར་ཞུ་བཞིན་ཡོད་པ་དེ་འཛམ་གླིང་དང་། ལྷག་པར་རྒྱ་ནག་གཞུང་ལ་བརྡ་ལན་སྤྲོད་ཆེད་ཡིན་པ་དང་། དེ་བཞིན་༧གོང་ས་༧སྐྱབས་མགོན་ཆེན་ཆེན་པོ་མཆོག་གི་༧སྐུའི་ཡང་སྲིད་ངོས་འཛིན་བྱ་རྒྱུའི་འགན་དབང་དེ་བོད་མི་དང་། ལྷག་པར་༧གོང་ས་ཏཱ་ལའི་མཆོག་དང་བོད་བརྒྱུད་ནང་པའི་དབུ་ཁྲིད་ཚོར་ཡོད་པ་ལས། གཞན་རྒྱལ་ཁབ་གཞུང་དང་སྒྲིག་འཛུགས་སུ་ཞིག་ལའང་མེད་པ་དེ་བརྡ་ལན་གསལ་སྤྲོད་ཆེད་ཡིན་པ་འཚམས་འདྲིའི་གཏམ་བཤད་སྐབས་ངོ་སྤྲོད་གནང་ཡོད་པ་རེད།
ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་སྐུ་ཚབ་ནས་བཞུགས་སྒར་རྡ་རམ་ས་ལར་ཡོད་པའི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་སྐུ་ཚབ་དང་། བོད་ནང་དུ་ཆོས་དད་རང་དབང་མེད་པའི་དཀའ་སྡུག་འོག་ནས་ཐར་བའི་ལས་འགུལ་བ། ཆབ་སྲིད་བཙོན་ཟུར་བཅས་དང་མཇལ་འཕྲད་གནང་ཡོད་པ་རེད།
སྐུ་ཞབས་(Sam Brownback)་མཆོག་གིས་བོད་ནང་རང་དབང་མེད་པའི་གནས་སྟངས་དངོས་སུ་མྱོང་མཁན་ཚོར་བཀའ་མོལ་གནང་སྐབས། ང་ཚོས་ཆོས་དད་རང་དབང་ལ་ཡིད་ཆེས་བློ་གཏད་བྱེད་ཀྱི་ཡོད་ཅིང་། ཨ་མི་རི་ཀས་ཆོས་དད་རང་དབང་ལ་རྒྱབ་སྐྱོར་ཞུ་བཞིན་ཡོད། དེ་འདྲའི་རང་དབང་དེ་འཛམ་གླིང་ནང་གི་མི་ཚང་མར་སྤྱོད་རྒྱུ་ཡོད་པ་ཞིག་དགོས་ཀྱི་ཡོད། འོན་ཀྱང་སྟབས་མི་ལེགས་པ་ཞིག་ལ་བོད་ནང་ཆོས་དད་རང་དབང་ལ་ལོངས་སུ་སྤྱོད་པའི་རང་དབང་མེད་པར་བརྟེན། རྒྱ་ནག་གཞུང་གིས་བོད་ཐོག་འཛིན་པའི་སྲིད་བྱུས་ལ་འགྱུར་བ་གཏོང་དགོས་པ་ཨ་རིའི་གཞུང་གིས་མུ་མཐུད་ནས་ནན་སྐུལ་ཞུ་བཞིན་ཡོད་ཅེས་བརྗོད་ཡོདཔ་རེད།
སྐུ་ཞབས་(Sam Brownback)་མཆོག་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དང་མཇལ་མོལ་གྲུབ་རྗེས། རྡ་རམ་སཱ་ལར་ཡོད་པའི་བོད་ཀྱི་ཟློས་གར་ཚོགས་པའི་ཚོགས་ཁང་གསར་པའི་ནང་དུ། བོད་ཀྱི་ཟློས་གར་ཚོགས་པ་དབུ་བརྙེས་ཏེ་ལོ་ངོ་༦༠་འཁོར་བའི་དུས་དྲན་དང་བསྟུན་བོད་ཀྱི་ལྷ་མོ་འཁྲབ་གཞུང་གཙོས་པའི་གནའ་བོའི་ཞབས་གཞས་དང་གླུ་གར། དེ་བཞིན་རོལ་མོ་བཅས་ཀྱི་བརྗོད་གཞི་ཐོག་རྒྱལ་སྤྱིའི་བོད་ཀྱི་ཟློས་གར་སྒྱུ་རྩལ་ཞིབ་འཇུག་བགྲོ་གླེང་ཚོགས་ཆེན་ཐེངས་དང་པོ་འགོ་འཛུགས་གནང་བའི་མཛད་སྒོར་ཕེབས་ནས་གཏམ་བཤད་གནང་ཡོད་པ་དང་། སྐུ་ཚབ་ཆེན་མོ་སྐུ་ཞབས་(Sam Brownback)་ལགས་ཀྱིས། རྒྱ་ནག་གཞུང་གིས་བོད་ཐོག་འཛིན་པའི་སྲིད་བྱུས་ལ་འགྱུར་བ་གཏོང་དགོས་པ་ཨ་རིའི་གཞུང་ནས་མུ་མཐུད་ནས་ནན་སྐུལ་ཞུ་བཞིན་ཡོད་ལ། བོད་མིའི་ངོ་བོ་ཚུད་པའི་ཆོས་དང་རིག་གཞུང་སྐད་ཡིག་བཅས་ལ་རྒྱ་ནག་གཞུང་གིས་བརྩི་མཐོང་དང་། བོད་མི་རྣམས་ལ་རང་ཉིད་ཀྱི་དཀའ་སྡུག་རྣམས་རང་དབང་དང་མང་གཙོ་ཞི་བདེ་ལྡན་པའི་ངང་ཞུ་གཏུགས་ཆོག་པའི་ཐོབ་ཐང་དགོས་གལ་ཆེ། ད་དུང་རྒྱལ་སྤྱིའི་ཁྱོན་ཡོངས་ཀྱིས་ངོས་འཛིན་གནང་པའི་གང་ཟག་སྒེར་སོ་སོའི་ཆོས་དད་རང་དབང་དང་། ཆོས་ལུགས་སྡེ་ཁག་སོ་སོའི་འགྲོ་བ་མིའི་ཐབ་ཐང་སོགས་ལ་རྒྱ་ནག་གཞུང་གིས་བརྩི་མཐོང་དང་དེ་དག་སྲུང་སྐྱོབས་བྱ་དགོས་པ་ང་ཚོས་ཚོར་ཤུགས་ཆེན་པོས་ནན་སྐུལ་ཞུ་རྒྱུ་ཡིན་ཞེས་དང་། རྒྱ་ནག་གཞུང་ནས་བོད་མི་ཡིས་ངོས་འཛིན་གནང་པའི་པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་འཕྲལ་དུ་གློད་གྲོལ་དགོས་ལ། དོན་དངོས་ཀྱི་ལོ་རྒྱུས་རྣམས་འཛམ་གླིང་གི་མི་མང་ལ་འགྲེལ་བཤད་རྒྱག་དགོས་ཞེས་དང་། བོད་མིའི་ཆོས་ཕྱོགས་ཀྱི་དབུ་ཁྲིད་དང་ཡང་སྲིད་ངོས་འཛིན་བྱེད་ཕྱོགས་ཀྱི་རིག་གཞུང་དེ་དག་༧གོང་ས་ཏཱ་ལའི་བླ་མ་མཆོག་གཙོས་པའི་བོད་ཀྱི་བླ་ཆེན་ཁག་དང་བོད་མི་དམངས་ལ་འགན་དབང་ཡོད་པ་སོགས་ནན་བརྗོད་གནང་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་གཞུང་ངོས་ནས་རྒྱ་ནག་དང་ལྷན་ཚོང་འབྲེལ་གྲོས་མོལ་བྱས་ཚེ་རྒྱ་ནག་གིས་ཨ་རིའི་ཅ་དངོས་ཐོག་སྒོ་ཁྲལ་གུ་ཡངས་གཏང་རྒྱུ་ཡིན་པ་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་དང་རྒྱ་གར་གཉིས་གྲོས་མོལ་གྱིས། རྒྱ་གར་གྱི་གནས་སྐོར་བ་རྣམས་བོད་ནང་གངས་རིན་པོ་ཆེར་གནས་མཇལ་དུ་བསྐྱོད་རྒྱུ་བསྐྱར་དུ་སྒོ་འབྱེད་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎