༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཝིཡེཏ་ནམ་ནས་ཡིན་པའི་འབྲས་ནད་ནད་པ་ཞིག་ཐེ་བའི་མི་མང་ཁག་ཅིག་ལ་མཇལ་ཁ་སྩལ་བ་བརྒྱུད་མཇལ་བཅར་བའི་རྒྱུད་ལ་ཆོས་ཉམས་ལེན་གྱི་དང་འདོད་སྐྱེད་འདུག

2025.03.07
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཝིཡེཏ་ནམ་ནས་ཡིན་པའི་འབྲས་ནད་ནད་པ་ཞིག་ཐེ་བའི་མི་མང་ཁག་ཅིག་ལ་མཇལ་ཁ་སྩལ་བ་བརྒྱུད་མཇལ་བཅར་བའི་རྒྱུད་ལ་ཆོས་ཉམས་ལེན་གྱི་དང་འདོད་སྐྱེད་འདུག མཇལ་ཁ་ཞུ་བཞིན་པ། ༢༠༢༥།༠༣།༠༧
OHHDL

སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་དེ་རིང་བཞུགས་སྒར་༧རྒྱལ་བའི་ཕོ་བྲང་དུ་འབྲས་ནད་ནད་པ་མཚོན་པའི་ཕྱི་ནང་གི་དད་ལྡན་པ་གསུམ་བརྒྱ་བརྒལ་བར་མཇལ་ཁ་སྩལ་བ་སྦྲགས། དད་ལྡན་ཆོས་ཞུ་བ་ཚོས་མགོན་པོ་མཆོག་གི་མཇལ་ཁ་ཐོབ་པའི་རྗེས་བློ་ཆོས་སུ་འཇུག་ཐབས་ལ་འབད་རྩོལ་གནང་རྒྱུ་ཡིན་པ་གསུང་འདུག

བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་འཆར་ཅན་ལྟར། ཕྱི་ཟླ་ ༣ པའི་ཚེས་ ༧ ཉིན། བཞུགས་སྒར་༸རྒྱལ་བའི་ཕོ་བྲང་དུ་འཛམ་གླིང་ཡུལ་གྲུ་འདྲ་མིན་ནས་ཆེད་བཅར་དད་ལྡན་སེར་སྐྱ་ཕོ་མོ་སུམ་བརྒྱ་བརྒལ་བར་མཇལ་ཁ་སྩལ་ཡོད་པ་ལྟར། མཇལ་བཅར་བའི་ཁྲོད་ནས་ཝིཡེཏ་ནམ་ནས་ཡིན་པའི་འབྲས་ནད་ནད་པ་དགུང་ལོ་ ༧༥ ལ་སོན་པ་མེ་ཧ་འོ་ལགས་ཀྱིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་མཇལ་རྒྱུ་བྱུང་བར་བློ་ཡིད་ཚིམ་པོ་བྱུང་ལ། ཁོང་ནས་ནད་པ་ཡིན་མིན་ལ་མ་ལྟོས་པར་ཆེད་མངགས་༸གོང་ས་མཆོག་མཇལ་བར་ཡོང་བ་ཡིན་པས། འབྱུང་འགྱུར་གཟུགས་པོའི་གནས་སྟངས་བཟང་དུ་ཕྱིན་ན་ཆོས་ཉམས་ལེན་བྱ་རྒྱུར་འབད་རྩོལ་བྱ་རྒྱུ་ཡིན་པ་འདི་ག་རླུང་འཕྲིན་ཁང་ལ་གསུངས་བྱུང་།

དེ་བཞིན་བགྲེས་སོང་མེ་ཧ་འོ་ལགས་ཀྱིས་བུ་མོ་བཙུན་མ་བསྟན་འཛིན་སྒྲོལ་དཀར་ལགས་ནས། བཞུགས་སྒར་ཉེ་འཁྲིས་བཙུན་དགོན་སྒྲོལ་མ་གླིང་དུ་བཙུན་མ་གནང་སྟེ་སློབ་གཉེར་བྱེད་བཞིན་པ་ཡིན་པས། བཙུན་མ་ཁོང་ནས་སོ་སོའི་ནང་མི་སྤུན་མཆེད་དང་མཉམ་དུ། ༸གོང་ས་མཆོག་མཇལ་རྒྱུའི་གོ་སྐབས་བྱུང་བ་ནི། སོ་སོ་བསོད་ནམས་ཆེན་པོ་ཡིན་པར་ཚོར་གྱི་ཡོད་ལ། དམིགས་བསལ་ཁོང་གི་ཨ་མ་ལགས་ས་ཐག་རིང་པོ་ནས་ཡོང་སྟེ།༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཇལ་ཁ་ཐོབ་པ་དང་ཐུགས་སྨོན་གནང་བར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་བཀའ་དྲིན་ཆེ་ཞུ་རྒྱུ་མ་ཟད། སོ་སོའི་ངོས་ནས་ཆོས་ལ་སློབ་གཉེར་ཧུར་ཐག་བྱ་རྒྱུ་ཡིན་པ་འགྲེལ་བརྗོད་གནང་གི་འདུག

གཞན་ཡང་རྒྱ་གར་ནུབ་བྱང་ས་ཁུལ་གྱི་ཁྲལ་བབ་ལས་ཁུངས་ཀྱི་འགན་འཛིན་ལྕམ་སྐུ་ཨམ་ར་པ་ལི་ཌས་ལགས་ཀྱང་། དེ་རིང་བཞུགས་སྒར་དུ་ཆེད་བཅར་གྱིས་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་མཇལ་ཁ་ཞུ་རྒྱུ་བྱུང་བ་བསོད་ནམས་ཆེན་པོ་དང་། བརྗོད་མི་ཤེས་པའི་བྱིན་རླབས་ཆེན་པོ་ཚོར་བྱུང་ཡོད་པ་མ་ཚད། མོ་རང་དྷ་རམ་ས་ལར་བསླེབས་ཐེངས་གཉིས་པ་ཡིན་པ་དང་། ག་དུས་བཞུགས་སྒར་དུ་བསླེབས་ན་ཡང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་མཇལ་ཁ་ཞུ་རྒྱུའི་འབད་བརྩོན་གནང་གི་ཡོད་པ་འགྲེལ་བརྗོད་གནང་བྱུང་།

ད་དུང་ཡོ་རོབ་སུད་སི་རྒྱལ་ཁབ་ནས་ཡིན་པ་མཇལ་བཅར་པ་སྐལ་བཟང་དགེ་ལེགས་ལགས་ཀྱིས། སོ་སོ་མཇལ་ཁ་ཐོབ་པར་ཧ་ཅང་སེམས་ལ་དགའ་ཚོར་བྱུང་ཡོད་ནའང་། ད་ཆ་༸གོང་ས་༸སྐྱབས་མགོན་རིན་པོ་ཆེ་མཆོག་དགུང་ལོ་མཐོ་བོར་ཕེབས་པ་མཐོང་དུས། སེམས་ཁྲལ་དང་སྐྱོ་སྣང་ཡང་ཡོང་གི་འདུག་ཅེས་འགྲེལ་བརྗོད་གནང་བྱུང་།

ཕྱོགས་མཚུངས་བལ་ཡུལ་ནང་གི་བོད་ཀྱི་སྟོད་མངའ་རིས་དང་འདབས་འབྲེལ་གྱི་ས་ཁུལ་ནས་ཡིན་པ་མཇལ་བཅར་བ་རིག་གྲོལ་རྡོ་རྗེ་ལགས་ཀྱིས་ཀྱང་། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་མཇལ་ཏེ་དད་པའི་མིག་ཆུ་རང་དབང་མེད་པར་ཤོར་སོང་བ་དང་། ཁོང་རྣམས་ས་ཐག་རིང་པོ་ནས་མཇལ་ཁ་ཞུ་རུ་ཡོང་ནས་དཀའ་ངལ་བྱུང་ནའང་དོན་གོ་ཆོད་པ་ཞིག་བྱུང་བ་སོགས་འགྲེལ་བརྗོད་གནང་གི་འདུག

གཞི་རྩའི་རྒྱ་གར་ལྷོ་ཕྱོགས་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕྱིར་བཞུགས་སྒར་དུ་ཞབས་སོར་འཁོད་པ་ནས་བཟུང་། ནམ་རྒྱུན་འཆར་ཅན་གྱི་དུས་བཅད་ལྟར་བཞུགས་སྒར་ཕོ་བྲང་དུ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས། ཕྱི་ནང་གི་མི་རིགས་མི་འདྲ་བ་དང་ཡུལ་ལུང་མི་འདྲ་བའི་དད་ལྡན་པ་ཧ་ཅང་མང་པོར་མཇལ་ཁ་སྩལ་བཞིན་ཡོད་པ་རེད། །

གསར་འགོད་པ། ལོ་ཡག་བཀྲིས། 

རྩོམ་སྒྲིག་པ། བསྟན་འཛིན་བསྟན་སྐྱོང་། 

དྲྭ་ཐོག་སྤེལ་མཁན། བསྟན་འཛིན་བསྟན་སྐྱོང་། 

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་ནང་གི་རྫ་སྟོད་རྫོང་གི་ས་འགུལ་ཁྲོད་མི་རྒྱུ་གཉིས་ལ་གནོད་སྐྱོན་བྱུང་མེད་སྐོར། བོད་ནང་གི་བོད་མིས་འགྲེལ་བརྗོད་གནང་གི་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎