སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་གནས་མཆོག་རྡོ་རྗེ་གདན་གྱི་བྱང་ཆུབ་མཆོད་རྟེན་ཆེན་མོའི་ནང་སྟོན་པའི་སྐུ་བརྙན་ལ་མཆོད་མཇལ་དང་ཐུགས་སྨོན་མཛད་རྗེས་རྒྱ་གར་གྱི་མངའ་སྡེ་བྷེ་ཧར་གྱི་རྒྱལ་ས་པཱ་ཊི་ན་(Patna)་གྲོང་ཁྱེར་དུ་ཆིབས་སྒྱུར་བསྐྱངས་འདུག
དེ་ཡང་ཚེས་ ༡༧ ་ཉིན་གྱི་སྔ་དྲོར་སྤྱི་ནོར་༧གོང་ས་མཆོག་གནས་མཆོག་རྡོ་རྗེ་གདན་གྱི་བྱང་ཆུབ་མཆོད་རྟེན་ཆེན་མོའི་ནང་། སྟོན་པའི་སྐུ་བརྙན་ལ་མཆོད་མཇལ་དུ་ཕེབས་ནས་སྐུ་བརྙན་རིན་པོ་ཆེའི་མདུན་དུ་སྣང་གསལ་མར་མེ་ཞལ་ཕྱེ་གནང་རྗེས། མགོན་པོ་གང་ཉིད་མཆོག་གིས་དབུས་སྐུ་འཁོར་ལྷན་རྒྱས་ནས་བདེན་ཚིག་སྨོན་ལམ་སོགས་གསུང་འདོན་གནང་སྟེ་ཐུགས་སྨོན་མཛད་འདུག
མཆོད་མཇལ་གྱི་མཛད་རིམ་ཁག་གྲུབ་རྗེས་དེར་ངང་སྒུག་བྱས་ཡོད་པའི་གསར་འགོད་པ་ཚོས་༧གོང་ས་མཆོག་ལ། རྡོ་རྗེ་གདན་ས་ཁུལ་གྱི་མི་དམངས་དང་། ཡང་སྒོས་འཛམ་གླིང་མི་མང་ལ་བཀའ་སློབ་ཅི་ཡོད་བཀའ་འདྲི་ཞུ་སྐབས་བཀའ་ལན་སྩལ་དོན། འགྲོ་བ་མི་ཚང་མར་མི་ཚེ་བདེ་སྐྱིད་ལྡན་པ་ཞིག་དགོས་ཀྱི་ཡོད་བ་རེད། སེམས་པ་བཟང་པོ་བྱེད་རྒྱུ་དེ་བདེ་སྐྱིད་ཀྱི་འབྱུང་ཁུངས་དང་རྩ་བ་ཡིན། འཚེ་བ་མེད་པ་དང་། བྱམས་སྙིང་རྗེ་ནི་འདས་པའི་ལོ་ངོ་སྟོང་ཕྲག་མང་པོའི་རིང་གི་རྒྱ་གར་གྱི་རིག་གཞུང་ཆགས་ཡོད། བདེ་སྐྱིད་ཀྱི་འབྱུང་ཁུངས་ནི་མཐར་ཐུག་ན་བྱམས་སྙིང་རྗེ་ཆགས་ཡོད། ང་ཚོ་སྤྱི་ཚོགས་ལ་བརྟེན་པའི་སྲོག་ཆགས་རེད། ཚོགས་སྡེ་ཞིག་ལ་སེམས་ཁུར་བྱེད་རྒྱུའི་མཚོན་པས་ང་ཚོ་ཚང་མར་སྙིང་རྗེའི་ས་བོན་ཡོད་ཡོད་པ་རེད། ཞེས་གསུངས་འདུག
དེའི་རྗེས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གནས་མཆོག་རྡོ་རྗེ་གདན་ནས་ཆིབས་འཁོར་བརྒྱུད་རྒྱ་གར་གྱི་བྷེ་ཧར་མངའ་སྡེའི་རྒྱལ་ས་པཱ་ཊི་ནར་ཆིབས་སྒྱུར་བསྐྱངས་ནས་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་(Nitish Kumar)་མཆོག་དང་མཇལ་འཕྲད་གནང་བ་དང་། གནས་མཆོག་རྡོ་རྗེ་གདན་ཁུལ་དུ་དཔལ་ནཱ་ལེནྡྲའི་ཤེས་ཡོན་བསྟི་གནས་ཁང་ཞིག་གསར་བཞེངས་ཀྱི་ལས་གཞི་དང་འབྲེལ་བའི་སྐོར་བཀའ་བསྡུར་གནང་ཡོད་པ་རེད།
0:00 / 0:00