ཏཱ་ལའི་བླ་མ་མཆོག་ནི་ཞི་བདེའི་དེད་དཔོན་ཞིག་ཡིན།
2014.05.09

ནོ་བེལ་ཞི་བདེའི་གཟེངས་རྟགས་ཚོགས་ཆུང་གི་ཚོགས་གཙོ་མཆོག་གིས་ཏཱ་ལའི་བླ་མ་མཆོག་ནི་ཞི་བདེའི་དེད་དཔོན་ཞིག་ཡིན་ཅེས་གསུངས་འདུག དེ་ཡང་དབུས་བོད་མིའི་སྒྲིག་འཛུགས་ཀྱིས་གནས་ཚུལ་སྤེལ་བ་ལྟར་ན། ནོ་བེལ་ཞི་བདེའི་གཟེངས་རྟགས་ཚོགས་ཆུང་གིས་ཇི་ལྟར་གདན་ཞུ་གནང་བ་ལྟར། ཚེས་༧ཉིན་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་༧གོང་ས་མཆོག་གང་ཉིད་ལ་ནོ་བེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་མཛད་ནས་མི་ལོ་ཉེར་ལྔ་འཁོར་བའི་མཛད་སྒོར་ཆིབས་བསྒྱུར་གནང་ཡོད་པ་དང་། མཛད་སྒོའི་ཐོག་ཐོག་མར་ནོ་བེལ་ཞི་བདེའི་གཟེངས་རྟགས་ཚོགས་ཆུང་གི་ཚོགས་གཙོ་སྐུ་ཞབས་Thorbjørn Jaglandམཆོག་གིས་༧གོང་ས་མཆོག་ངོ་སྤྲོད་གནང་བའི་ནང༌། བོད་ཀྱི་༧སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་གིས་འཚེ་མེད་ཞི་བའི་ཐབས་ལམ་གྱི་ཐོག་ནས་བོད་མི་རྣམས་ལ་རང་དབང་ཐོབ་པའི་ཆེད་དུ་ཐུགས་བརྩོན་མཛད་པ་མ་ཟད། གོ་ལའི་ཁོར་ཡུག་ཐོག་ལ་ཧ་ཅང་ཐུགས་འཚབ་མཛད་པར་བརྟེན་ནོ་བེལ་ཞི་བདེའི་གཟེངས་རྟགས་འབུལ་ལམ་ཞུས་ནས་ད་བར་མི་ལོ་༢༥འཁོར་བ་དང་། ཏཱ་ལའི་བླ་མ་མཆོག་ནི་ཞི་བདེའི་དེད་དཔོན་ཞིག་ཡིན་ཞེས་སོགས་གསུང་བའི་རྗེས། གསར་འགོད་པ་ཁག་ཅིག་གིས་སྐབས་དེར་ནོ་བེལ་ཞི་བདེའི་གཟེངས་རྟགས་དེས་སྐབས་རེ་ཕན་ཐོགས་ཡོད་ཀྱང་མཚམས་རེ་གནོད་སྐྱེལ་བཞིན་ཡོད་པའི་སྐོར་གླེང་ཕྱོགས་ཡོང་བཞིན་པ་དེར་༸གོང་ས་མཆོག་གི་དགོངས་ཚུལ་བཀའ་འདྲི་ཞུས་པར། གཟེངས་རྟགས་དེ་ཡིས་ཕན་ཐོགས་ཡོད་པ་བརྗོད་མི་དགོས། ངོས་ཀྱི་གྲོགས་པོ་ལྷོ་ཨ་ཕི་རི་ཀའི་ཡི་ཤུའི་ཆོས་དཔོན་སྐུ་ཞབས་ཊེ་སི་མོན་ཊུ་ཊུ་མཆོག་གིས་དེ་སྔ་ཁོང་ལ་ནོ་སྦེལ་ཞི་བདེའི་གཟེངས་རྟགས་མ་ཐོབ་གོང་མི་སྣ་འགའ་ཤས་མཇལ་འཕྲད་ཞུ་རྒྱུར་ཧ་ཅང་དཀའ་ངལ་འཕྲད་བཞིན་ཡོད་ཀྱང་། ཁོང་ལ་གཟེངས་རྟགས་ཐོབ་རྗེས་མི་སྣ་མཇལ་འཕྲད་ཞུ་རྒྱུ་ལས་སླ་རུ་ཕྱིན་ཡོད་སྐོར་ངོས་ལ་གསུངས་བྱུང་། ངོས་རང་ལའང༌གཟེངས་རྟགས་འདི་གཙོ་བོ་ངོས་ཀྱིས་འཚེ་མེད་ཞི་བའི་ལངས་ཕྱོགས་བཟུང་སྟེ་འཚེ་མེད་ཞི་བ་གོང་མཐོར་གཏོང་ཐབས་འབད་བརྩོན་བྱས་པ་དེར་ངོས་འཛིན་དང་རྒྱབ་སྐྱོར་གནང་བ་ཞིག་ཡིན་སྟབས། གཟེངས་རྟགས་འདིས་ངོས་ལ་ཆེ་མཐོང་ཆེན་པོ་གནང་བ་ཞིག་ལ་ངོས་འཛིན་བྱེད་བཞིན་ཡོད། དེ་རྗེས་འབར་མའི་མང་གཙོ་དོན་གཉེར་བ་ལྕམ་སྐུ་ Aung San Suu Kyi མཆོག་དང་། རྒྱ་རིགས་མང་གཙོ་དོན་གཉེར་བ་སྐུ་ཞབས་ལིའོ་ཞའོ་པོ་ Liu Xiaoboམཆོག་ལ་ནོ་བེལ་ཞི་བདེའི་གཟེངས་རྟགས་ཕུལ་བ་དེས་དཀའ་ངལ་འཕྲད་བཞིན་པའི་སྐབས་སུ་གཟེངས་རྟགས་དེས་སེམས་ནང་སྙིང་སྟོབས་འཕེལ་རྒྱུར་ཧ་ཅང་ཕན་ཐོགས་བྱུང་ཡོད་པའི་ཚོར་སྣང་བྱུང་ཞེས་བཀའ་ལན་སྩལ་གནང་མཛད་ཡོད་པ་རེད་འདུག
གསར་འགོད་པ་ངག་དབང་ཆོས་འཕེལ།
2014-05-08 ༧གོང་ས་མཆོག་ནོར་ཝེ་ལ་ས་གནས་མི་མང་ཚོ་དང་ཐུག་འཕྲད་ཀྱིས་འགྲོ་བ་མིའི་རིན་ཐང་སྐོར་ལ་བཀའ་མོལ་གནང་བར་ཕེབས་པ་གསུངས་འདུག
༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ལཱ་ཏི་ཝི་ཡ་མངལ་ཁུལ་གྱི་མཛད་འཕྲིན་ཁག་ལེགས་པར་གྲུབ་སྟེ་ཕྱི་ཚེས་༧་ཉིན་ནོར་ཝེའི་རྒྱལ་ས་Osloརུ་༧ཞབས་སོར་འཁོད་ཡོད་པ་དང་། གནམ་ཐང་དུ་ནོར་བེལ་བྱ་དགའ་ཚོགས་ཆུང་གི་འབྲེལ་ཡོད་དབུ་ཁྲིད་ཚོས་ཕེབས་བསུ་གཟབ་རྒྱས་ཞུས་ཡོད་པ་མ་ཟད། མགྲོན་ཁང་མདུན་བོད་མི་དང་ས་གནས་ཡུལ་མི་མང་པོས་ཕེབས་བསུ་གཟབ་རྒྱས་ཞུས་ཡོད་པ་རེད། དེ་བཞིན་མགྲོན་ཁང་ནང་ནོར་ཝེའི་སྲིད་བློན་ཟུར་པ་སྐུ་ཞབས་Kjell magoe Bondevikམཆོག་གིས་ཕེབས་བསུ་ཞུས་པ་དང་འབྲེལ་༧གོང་ས་མཆོག་དང་ལྷན་ད་ལྟའི་རྒྱལ་ནང་དང་རྒྱལ་སྤྱིའི་གནས་བབ་སྐོར་སོགས་ལ་བཀའ་མོལ་ལྷུག་པོ་གནང་ཡོད་པ་རེད། ༧གོང་ས་མཆོག་ད་རེས་ནོར་ཝེ་ཡུལ་གྲུའི་ནང་ཆིབས་བསྒྱུར་བསྐྱངས་པའི་རིང་། ནོར་ཝེ་ཡུལ་གྱི་ལས་ཐོག་དཔོན་རིགས་ཚོས་མཇལ་འཕྲད་ཞུ་རྒྱུ་མིན་པའི་གནད་དོན་སྐོར་ལ་གསར་འགོད་པས་དོ་སྣང་ཆེན་པོས་༧གོང་ས་ལ་བཀའ་འདྲི་ཞུས་སྐབས། ༧གོང་ས་མཆོག་གིས་ད་ཐེངས་ནོར་ཝེ་ཡུལ་གྲུའི་ནང་ཆིབས་བསྒྱུར་བསྐྱངས་དོན་གཙོ་བོ་ས་གནས་མི་མང་ཚོ་དང་ཐུག་འཕྲད་ཀྱིས་འགྲོ་བ་མིའི་རིན་ཐང་སྐོར་ལ་བཀའ་མོལ་གནང་རྒྱུའི་ཆེད་ཡིན་པ་བཀའ་ལན་བསྩལ་ཡོད་འདུག
ཚེས༨ཉིན་༧གོང་ས་མཆོག་དབུ་ཞུགས་ཐོག་གང་ཟག་སྒེར་གྱི་ལུས་ངག་ཡིད་གསུམ་གྱི་བླང་དོར་སྤྱོད་ཚུལ་ལ་འགྱུར་ལྡོག་ཅེས་པའི་བརྗོད་གཞིའི་སྒོ་ནས་མང་ཚོགས་དང་བགྲོ་གླེང་གནང་བཞིན་པ་དང་། ཐེངས་འདིར་༧གོང་ས་མཆོག་ནོར་ཝེ་རུ་ཆིབས་བསྒྱུར་༧ཞབས་སོར་འཁོད་སྐབས་ཞུགས་གནས་མགྲོན་ཁང་ཉེ་འགྲམ་དུ་དོལ་རྒྱལ་རྗེས་འབྲངས་པ་ལྔ་བཅུ་ཙམ་གྱིས་ངོ་རྒོལ་སྐད་འབོད་བྱས་ཡོད་འདུག
༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་ཕྱི་ཚེས་༩ཉིན་ནོར་ཝེའི་རྒྱལ་ས་Osloརུ་མང་ཚོགས་ལ་ཉིན་རེའི་མི་ཚེའི་ནང་བྱམས་བརྩེ་ཉམས་ལེན་དང་། འཕེལ་ཐབས་བྱ་ཕྱོགས་ཀྱི་ བརྗོད་གཞིའི་ཐོག་བཀའ་སློབ་བསྩལ་གནང་རྒྱུ་ཡིན་པ་དང་། ནོར་ཝེ་ཁུལ་གྱི་མཛད་འཕྲིན་ཁག་གྲུབ་མཚམས་ཡོ་རོབ་ཡུལ་གྲུ་ཧོ་ལན་དུ་ཆིབས་ཞལ་བསྒྱུར་གནང་མཛད་ཀྱི་ཡོད་འདུག
གསར་འགོད་པ་འཆི་མེད།
2014-05-07
ནོར་ཝེའི་མང་ཚོགས་ཁྲོད་དུ་མང་པོ་ཞིག་གིས་༧གོང་ས་མཆོག་གི་ཆིབས་བསྒྱུར་ལ་དོ་སྣང་ཆེན་པོས་ངང་སྒུག་བྱེད་བཞིན་ཡོད་འདུག
དེ་ཡང་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་ནོར་བེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་མཛད་དེ་ལོ་༢༥འཁོར་བའི་དགའ་སྟོན་སྲུང་བརྩི་ཞུ་ཆེད་ནོར་བེལ་གཟེངས་རྟགས་ཚོགས་ཆུང་གིས་གདན་ཞུས་ལྟར། སྐུ་ཉིད་ཀྱིས་ལཱ་ཏི་ཝི་ཡའི་ནང་ཆོས་འབྲེལ་མཇུག་བསྒྲིལ་གནང་རྗེས། ཚེས༧རེས་གཟའ་ལྷག་པའི་ཉིན་༧གོང་ས་མཆོག་རྒྱལ་ས་ཨོས་ལོར་ཆིབས་བསྒྱུར་གྱི་ཉིན་གསུམ་གྱི་མཛད་འཆར་བསྐྱངས་གནང་མཛད་རྒྱུ་ཡིན་པ་རེད། བདུན་ཕྲག་སྔོན་མ་ནོར་ཝེའི་སྲིད་བློན་ལྕམ་Erna Solberg མཆོག་གིས་བོད་མིའི་དབུ་ཁྲིད་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་ལྷན་དུ་གཞུང་འབྲེལ་མཇལ་འཕྲད་སོགས་གང་ཡང་གནང་རྒྱུ་མིན་ལུགས་གསུངས་ཏེ་རྒྱ་ནག་ལ་བསྟུན་མཁས་ཀྱི་གནང་སྟངས་དེར་རྒྱ་ནག་གཞུང་ཕྱོགས་ནས་བསྔགས་བརྗོད་བྱས་ཀྱང་ནོར་ཝེའི་མང་ཚོགས་ཁྲོད་ནས་སྐྱོན་བརྗོད་དྲག་པོ་ཐོན་ཡོད་པ་རེད། ནོར་ཝེའི་ཡུལ་གྱི་གསར་ལམ་ཁག་ཏུ། ནོར་ཝེའི་གཞུང་གིས་༧གོང་ས་མཆོག་ལ་གཞུང་འབྲེལ་གྱི་སྣེ་ལེན་མཇལ་འཕྲད་གནང་རྩིས་མེད་ནའང་ནོར་ཝེའི་མི་མང་དང་། ལྷག་པར་དུ་གཞུང་འཛིན་མ་ཡིན་པའི་སྲིད་དོན་པའི་ཁྲོད་༧གོང་ས་མཆོག་གི་མཛད་འཆར་ལ་དོ་སྣང་ཤིན་ཏུ་ཆེན་པོས་ངང་སྒུག་བྱེད་བཞིན་ཡོད་པ་མ་ཟད། རྒྱལ་ས་ཨོས་ལོའི་ནང་ཉིན་གསུམ་གྱི་མཛད་འཆར་སྐབས་༧གོང་ས་མཆོག་ནས་ཨོས་ལོ་གཙུག་ལག་སློབ་གྲྭ་ཆེན་མོ་དང་། Folkstheater ཞེས་ཚོགས་ཁང་གཉིས་ནང་མང་ཚོགས་ལ་བཀའ་སློབ་གསུང་བཤད་གནང་རྒྱུའི་མཛད་རིམ་གྱི་འཛིན་བྱང་ཡོངས་རྗོགས་ཚོང་འགྲེམས་ཟིན་ཏེ་ནོར་ཝེའི་གྲོས་ཚོགས་ཀྱི་འཐུས་མི་རྣམས་ལའང་ལྷན་ཞུགས་གནང་རྒྱུའི་གོ་སྐབས་འཐོབ་རྒྱུའི་རེ་བ་ཅུང་ཟད་ལས་མེད་པར་བརྟེན་ཁོང་རྣམ་པས་༧གོང་ས་མཆོག་ལ་ཕེབས་བསུའི་སྣེ་ལེན་ཞུ་ཆེད་གྲོས་ཚོགས་ཀྱི་མཇལ་འཕྲད་ཚོགས་ཁང་ནང་ཕེབས་སྒུག་ཞུ་དགོས་པའི་ལམ་སྟོན་བཀོད་ཁྱབ་གནང་འདུག
༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་འདི་ཚེས་ལྔ་ནས་བཟུང་ཉིན་གྲངས་གཉིས་རིང་ལཱ་ཏི་ཝི་ཡའི་རྒྱལ་ས་རེ་གྷར་ཁུལ་དེའི་མང་ཚོགས་དང་། ཉེ་འཁྲིས་ར་ཤེ་ཡ། གཞན་ཡང་ཨིས་ཏོ་ནི་ཡ་སོགས་རྒྱལ་ཁབ་ཁག་ཅིག་གི་དད་ལྡན་པ་སུམ་སྟོང་ལྔ་བརྒྱ་ཙམ་ལ་ཤེས་རབ་སྙིང་པོ་དང་ལག་ལེན་སོ་བདུན་མའི་ཆོས་འབྲེལ་ལེགས་པར་འགྲུབ་ཡོད་པ་རེད། སྐབས་དེར་༧གོང་ས་མཆོག་གིས། གཙོ་བོ་ནང་སེམས་ཀྱི་བདེ་སྐྱིད་བསྐྲུན་ཐབས་བྱེད་དགོས་རྒྱུ་གལ་ཆེན་པོ་ཡིན་པ་གསུང་འདུག
གསར་འགོད་པ་དོན་གྲུབ་རྣམ་རྒྱལ་དང་རིག་འཛིན་ཆོས་སྒྲོན།