༧གོང་ས་མཆོག་གིས་དགེ་ཚུལ་ཕོ་མོ་༧༠བརྒལ་བར་དགེ་ཚུལ་གྱི་སྡོམ་པ་སྩལ་ཏེ། སངས་རྒྱས་ཀྱི་བསྟན་པ་འཛིན་སྐྱོང་གནང་དགོས་པའི་བཀའ་ཕེབས་ཡོད་པ།

2023.03.02
༧གོང་ས་མཆོག་གིས་དགེ་ཚུལ་ཕོ་མོ་༧༠བརྒལ་བར་དགེ་ཚུལ་གྱི་སྡོམ་པ་སྩལ་ཏེ། སངས་རྒྱས་ཀྱི་བསྟན་པ་འཛིན་སྐྱོང་གནང་དགོས་པའི་བཀའ་ཕེབས་ཡོད་པ། སྤྱི་ཟླ་༣པའི་ཚེས་༢ཉིན་ནུབ་ཕྱོགས་པ་དང་རྒྱ་གར། བལ་བོ་དང་བོད་པ་སོགས་བསྒྲུབ་བྱ་བདུན་ཅུ་ལྷག་ཅིག་ལ་དགེ་ཚུལ་གྱི་སྡོམ་པ་གནང་ཡོད་འདུག
OHHDL

བོད་མིའི་དབུ་ཁྲིད་༧གོང་ས་མཆོག་ནས་ལོ་ལྟར་ཆོ་འཕྲུལ་སྨོན་ལམ་ཆེན་མོའི་སྔ་རྗེས་གང་རུང་ལ་དགེ་ཚུལ་སློང་གི་སྡོམ་པ་འབོགས་གནང་མཛད་བཞིན་པ་ལྟར། འདི་ལོ་ཡང་སྤྱི་ཟླ་༣པའི་ཚེས་༢ནས་༤བར་བཞུགས་སྒར་ཕོ་བྲང་དུ་དགེ་ཚུལ་སློང་གི་བསྒྲུབ་བྱ་ལྔ་བརྒྱ་བརྒལ་བར། དགེ་ཚུལ་དང་དགེ་སློང་གི་སྡོམ་པ་འབོགས་གནང་གི་ཡོད་པ་ལས། སྤྱི་ཟླ་༣པའི་ཚེས་༢ཉིན་ནུབ་ཕྱོགས་པ་དང་རྒྱ་གར། བལ་བོ་དང་བོད་པ་སོགས་བསྒྲུབ་བྱ་བདུན་ཅུ་ལྷག་ཅིག་ལ་དགེ་ཚུལ་གྱི་སྡོམ་པ་གནང་ཡོད་ཅིང་། སྐབས་དེར་༧གོང་ས་མཆོག་གིས་“དགེ་ཚུལ་རྣམས་སངས་རྒྱས་བཅོམ་ལྡན་འདས་ཀྱི་རྗེས་འཇུག་ཡག་པོ་ཞིག་གནང་དགོས་པ་དང་། སངས་རྒྱས་ཀྱི་བསྟན་པའི་གནས་ཚད་ལྔ་བརྒྱ་ཕྲག་ལྔ་ད་དུང་ལྷག་ཡོད་པའི་སྙིགས་མའི་དུས་འདིར། དགེ་ཚུལ་སློང་རྣམས་ཀྱིས་རྟགས་ཆ་ལུགས་འཛིན་པ་ཙམ་དང་ཞབས་བརྟན་སྒྲུབ་པ་ལྟ་བུས་ཚིམ་ནས་མི་འདུག་པར། སྡེ་སྣོད་གསུམ་ལ་ཐོས་བསམ་དང་བསླབ་པ་གསུམ་གྱི་ཉམས་ལེན་གྱིས། སངས་རྒྱས་ཀྱི་བསྟན་པ་འཛིན་སྐྱོང་སྤེལ་གསུམ་གནང་དགོས་”པའི་ལམ་སྟོན་ཕེབས་འདུག་ཅིང་། རྒྱ་གར་གྱི་ཟངས་དཀར་ནས་ཡིན་པ་བསྟན་འཛིན་ཆོས་འཕེལ་ལགས་ནས། ༧སྐུ་མདུན་གྱིས་ང་ཚོ་ལ་དགེ་ཚུལ་གྱི་སྡོམ་པ་སྩལ་པ་ནི་ཧ་ཅང་བསོད་ནམས་ཆེན་པོར་ཚོར་གྱི་ཡོད་པ་དང་། བཀའ་སློབ་ཟབ་རྒྱས་སྩལ་པ་དེ་ཧ་ཅང་བསྐལ་བ་བཟང་ཚོར་རེད་སྙམ་གྱི་ཡོད། འབྱུང་འགྱུར་སོ་སོའི་སྤྱི་ཚོགས་ནང་རྨོངས་དད་མང་པོ་ཡོད་པ་སེལ་ཐབས་ཀྱི་བསྟན་པ་འཛིན་སྐྱོང་གང་ཐུབ་བྱེད་པའི་ཀུན་སློང་ཡོད་ཅེས་འགྲེལ་བརྗོད་གནང་གི་འདུག

ཨ་མི་རི་ཀ་ནས་ཡིན་པ་འབྲས་སྤུངས་བློ་གསལ་གླིང་གི་དགེ་འདུན་པ་བསྟན་འཛིན་མདོ་སྔགས་ལགས་ནས། ༧གོང་ས་མཆོག་གི་མདུན་ནས་དགེ་ཚུལ་གྱི་སྡོམ་པ་ཐོབ་པར་དགའ་ཚོར་བྱུང་བ་དང་། ཁོ་རང་ཕ་མས་གྲྭ་བ་བྱས་ན་ཡག་པོ་ཡོད་པ་རེད་ཅེས་བསླབ་བྱ་དང་ཆབས་ཅིག། གྲྭ་བྱ་འདོད་ཡོད་མེད་ཀྱི་སྐད་ཆ་དྲིས་པར་མོས་མཐུན་གྱིས་ཆོས་སྒོར་ཞུགས་པ་འགྲེལ་བརྗོད་གནང་གི་འདུག

ཡོ་རོབ་སིད་སི་རྒྱལ་ཁབ་ནས་ཡིན་པ་བསྟན་འཛིན་ནོར་མཚོ་ལགས་ནས། སོ་སོ་ལ་དགེ་ཚུལ་གྱི་སྡོམ་པ་གནང་བ་ཙམ་མ་ཟད། བོད་ཀྱི་ཆོས་དང་རིག་གཞུང་ནུབ་ཕྱོགས་པ་ཚོས་སློབ་སྦྱོང་ཉམས་ལེན་གྱི་གོ་སྐབས་ཐོབ་པ་སོགས་ཀྱི་ཐད། ༧རྒྱལ་བ་རིན་པོ་ཆེ་བཀའ་དྲིན་ཆེན་པོར་ཚོར་གྱི་ཡོད་ཅེས་འགྲེལ་བརྗོད་གནང་གི་འདུག

སོག་ཡུལ་ནས་ཡོང་བ་སེར་བྱེས་གྲྭ་ཚང་གི་བསྟན་འཛིན་མཁྱེན་རབ་ལགས་ནས། ༧རྒྱལ་བ་རིན་པོ་ཆེས་གནང་བའི་དགེ་ཚུལ་གྱི་སྡོམ་པ་ནི་ཧ་ཅང་གལ་ཆེན་ཡིན་པས། མི་ཚེ་གང་བོར་སྡོམ་པ་སྲུང་འདུན་ཡོད་པ་དང་། སོག་ཡུལ་ལ་སངས་རྒྱས་ཀྱི་བསྟན་པ་སྤེལ་བའི་སེམས་ཤུགས་དང་དམིགས་ཡུལ་ཡོད་ཅེས་འགྲེལ་བརྗོད་གནང་བྱུང་།

དགའ་ལྡན་ཕོ་བྲང་གི་དྲུང་ཆེ་ཡང་སྟེང་རིན་པོ་ཆེ་མཆོག་ནས། བོད་མིའི་དབུ་ཁྲིད་༧གོང་ས་མཆོག་ནས་བཙན་བྱོལ་དུ་ཕེབས་ཏེ་ད་བར་དགེ་སློང་༢༧༠༠༠ལྷག་དང་དགེ་ཚུལ་མ་ལྔ་སྟོང་ཙམ་ལ་དགེ་ཚུལ་སློང་གི་སྡོམ་པ་འབོགས་གནང་མཛད་པ་འགྲེལ་བརྗོད་གནང་གི་འདུག་ལ། ད་རེས་ཀྱང་ཁྱོན་བསྡོམས་པའི་དགེ་ཚུལ་ཕ་མ་གཉིས་དང་དགེ་སློང་གི་སྡོམ་པ་བསྒྲུབ་བྱ་ལྔ་བརྒྱ་བརྒལ་བར་སྩལ་གཏན་ཁེལ་ཡོད་པ་རེད།

 

གསར་འགོད་པ། བློ་བྷེ།
རྩོམ་སྒྲིག་པ། བསྟན་འཛིན་འཕགས་སྒྲོན།  
དྲྭ་ཐོག་སྤེལ་མཁན། བསྟན་འཛིན་འཕགས་སྒྲོན། 

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བཙན་བྱོལ་ནང་གི་མི་རབས་གཞོན་པ་རྣམས་ལ་བོད་ནང་གི་ཛ་དྲག་གནས་སྟངས་ངོ་སྤྲོད་བྱ་ཆེད། སྙིང་སྟོབས་ཀྱི་འབོད་སྒྲ ཅེས་པའི་གཏམ་བརྗོད་གཟིགས་འབུལ་ཞུ་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎