༧གོང་ས་མཆོག་གིས་རྒྱ་གར་གྱི་ངོ་ལོ་བདུན་བཅུའི་ཡར་རྒྱས་ལ་བསྔགས་བརྗོད།
2017.08.15
༧གོང་ས་མཆོག་གིས་རྒྱ་གར་ནང་ལོ་སྟོང་ཕྲག་སྔོན་ནས་ཡོད་པའི་ནང་སེམས་ཁམས་ཀྱི་རིག་གཞུང་ཕྱུག་པོ་དེ་ཕྱིའི་ཡར་རྒྱས་དང་མཉམ་སླར་གསོ་དགོས་བ་གསུངས་འདུག
དེ་རིང་ཕྱི་ཟླ་ ༨ ཚེས་ ༡༥ ནི་རྒྱ་གར་དབྱིན་ཇིའི་དབང་འོག་ནས་རང་བཙན་ཐོབ་སྟེ་ལོ་ངོ་བདུན་བཅུ་འཁོར་བའི་དུས་ཆེན་དེ་ཡིན་ཞིང་། བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་འདི་ཚེས་༡༥་ཉིན་བཞུགས་སྒར་རྡ་རམ་ས་ལའི་གྷ་གྷཱལ་གནམ་ཐང་དུ་ཞབས་སོར་འཁོད་སྐབས། རྒྱ་གར་གྱིས་འདས་པའི་ལོ་ངོ་བདུན་བཅུའི་རིང་ཕྱི་དངོས་པོའི་ཡར་རྒྱས་ཀྱི་གྲུབ་འབྲས་ཆེན་པོ་སོན་ཐུབ་ཡོད་པ་བཀའ་གནང་པ་དང་སྦྲགས། ད་ཆ་རྒྱ་གར་ནང་ལོ་སྟོང་ཕྲག་སྔོན་ནས་ཡོད་པའི་ནང་སེམས་ཁམས་ཀྱི་རིག་གཞུང་ཕྱུག་པོ་ཡོད་པ་དེ་ཡང་དུས་མཉམ་དུ་སླར་གསོ་བྱེད་པའི་དུས་ལ་སླེབས་ཡོད་པར་ཡིད་ཆེས་གནང་གི་ཡོད་ཅེས་བཀའ་གནང་འདུག
༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་འདས་པའི་ཟླ་བ་གཉིས་ཙམ་རིང་ཨ་རི་དང་། ལ་དྭགས། ལྡི་ལི་དང་མུམ་བྷའི་བཅས་ཀྱི་མཛད་འཕྲིན་ཁག་ལེགས་གྲུབ་ཀྱིས་བཞུགས་སྒར་རྡ་རམ་ས་ལར་ཞབས་སོར་འཁོད་གནང་མཛད་ཅིང་། གཟའ་འཁོར་འགའ་ཤས་རིང་སྐུ་ལྷོད་ཞུགས་གནང་རྒྱུ་ཡིན་པ་དེ་རིང་གྷ་གྷཱལ་གནམ་ཐང་དུ་བཀའ་གནང་འདུག
རྒྱ་གར་གྱི་སྲིད་བློན་མོ་དྷཱི་མཆོག་གིས་དེ་རིང་རྒྱ་གར་གྱི་རང་བཙན་ཉིན་མོའི་དུས་ཆེན་སྲུང་བརྩིའི་རྒྱལ་ཡོངས་གསུང་བཤད་ཀྱི་ནང་། རྒྱ་གར་ནང་ཆོས་ལུགས་ཀྱི་མིང་གི་ཐོག་ནས་དྲག་ཟིངས་ཀྱི་བྱ་སྤྱོད་ལ་བཟོད་སྒོམས་གནང་རྒྱུ་མིན་པ་དང་། དེ་བཞིན་རྒྱ་གར་ནང་ལྐོག་ཟ་རུལ་སུངས་ཀྱི་བྱ་སྤྱོད་རྩ་མེད་གཏོང་རྒྱུའི་ཁས་ལེན་ཡང་གནང་འདུག ད་དུང་སྲིད་བློན་མོ་དྷཱིའི་མཆོག་གིས་སྐབས་དེར། རྒྱལ་ཁབ་ཀྱི་སྲུང་སྐྱོབ་ལ་གལ་གནད་ཆེ་ཤོས་བརྩི་ཡི་ཡོད་པ་ལྟར། ཕྱི་ཕྱོགས་ནས་རྒྱ་གར་ཐོག་ས་མཚོ་གནམ་གསུམ་དང་། དྲ་ལམ། དེ་བཞིན་བར་སྣང་སོགས་བརྒྱུད་ལམ་གང་གི་ཐོག་ནས་ཚུར་རྒོལ་བྱེད་ཐབས་ཀྱི་ཉེན་ཁར་གདོང་ལེན་བྱ་རྒྱུའི་ནུས་པ་དང་སྟོབས་ཤུགས་རྒྱ་གར་ལ་ཡོད་པ་གསུངས་འདུག
རྒྱ་གར་གྱི་རང་བཙན་ཐོབ་པའི་ཉིན་མོར་དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེངྒེ་ལགས་ཀྱིས། བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ་རྒྱ་གར་གཞུང་དམངས་གཉིས་ལ་བཀའ་དྲིན་རྗེས་དྲན་དང་ཐུགས་རྗེ་ཆེ་ཞུས་གནང་འདུག
གསར་འགོད་པ་ངག་ཆོས་དང་། འགན་འཛིན་གཞོན་པ་སྐལ་ལྡན་བློ་གྲོས།