༧གོང་ས་མཆོག་ལ་དྭགས་ལྡུམ་རའི་བདེ་སྐྱིད་དགོན་དུ་ཞབས་སོར་བདེ་བར་འཁོད་འདུག

བོད་ཀྱི་དབུ་ཁྲིད༧གོང་ས་མཆོག་ལ་དྭགས་ལྡུམ་ར་ཕྱོགས་སུ་ཕེབས་སྐབས། ༢༠༡༨།༧།༡༢
བོད་ཀྱི་དབུ་ཁྲིད༧གོང་ས་མཆོག་ལ་དྭགས་ལྡུམ་ར་ཕྱོགས་སུ་ཕེབས་སྐབས། ༢༠༡༨།༧།༡༢ (OHHDL)

0:00 / 0:00

བོད་ཀྱི་དབུ་ཁྲིད་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་རྒྱ་གར་ལ་དྭགས་ཀྱི་ལྡུམ་རའི་བདེ་སྐྱིད་དགོན་དུ་ཞབས་སོར་བདེ་བར་འཁོད་པ་དང་སྐུའི་འཕྲོད་བཞེས་ཡག་པོ་འདུག
དེ་ཡང་ཕྱི་ཟླ་ ༧ ཚེས་ ༡༢ ཉིན། སྤྱི་ནོར་༧གོང་ས་མཆོག་ལྡུམ་ར་ཕྱོགས་ཀྱི་(Thoise Airport) ཟེར་བའི་གནམ་ཐང་དུ་ཞབས་སོར་འཁོད་སྐབས་ནམ་མཁར་འཇའ་ཚོན་གྱི་ཁ་དོག་སྣ་ཚོགས་འཕྲོས་ཏེ་བཀྲ་ཤིས་པའི་རྟགས་དུ་མ་དང་བཅས་ཁྲིག་སེ་རིན་པོ་ཆེ་མཆོག་དང་། ལ་དྭགས་རང་སྐྱོང་རི་ལྗོངས་ལྷན་ཚོགས་ཀྱི་སྐུ་ཚབ་རྒྱལ་དབང་རྒྱལ་ལགས་དང་། ལྡུམ་ར་ཁུལ་གྱི་གྲོས་ཚོགས་འཐུས་མི་བདེ་ཆེན་རྣམ་རྒྱལ་ལགས། ལྡུམ་ར་ས་གནས་ལ་དྭགས་ནང་པའི་ཚོགས་པའི་ཚོགས་གཙོ་དང༌། ལྡུམ་ར་ཁ་ཆེ་ཆོས་ཚོགས་ཀྱི་སྐུ་ཚབ། ས་གནས་རྫོང་ཡན་ལག་ལས་ཁུངས་ཀྱི་འགོ་འཛིན་སོགས་ནས་ཕེབས་བསུའི་སྣེ་ལེན་གཟབ་རྒྱས་ཞུས་བའི་ཐོག་རྒྱ་གར་བྱང་ཕྱོགས་ལ་དྭགས་ཀྱི་ལྡུམ་རར་རྟེན་གཞི་བྱས་པའི་བདེ་སྐྱིད་བཀྲ་ཤིས་ཆོས་གླིང་དགོན་པར་ཞབས་སོར་བདེ་བར་འཁོད་འདུག
འདི་ལོར་ལྡུམ་ར་བསམ་གཏན་གླིང་དགོན་པར་ལ་དྭགས་དབྱར་ཆོས་ཆེན་མོ་ཐེངས་དྲུག་པའི་ཚོགས་མགོན་དུ་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཕེབས་རྒྱུ་ཡིན་འདུག ལ་དྭགས་དབྱར་ཆོས་ཆེན་མོ་ཟེར་བ་དེ་ནི་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དགོངས་གཞི་གཞིར་བཟུང་ཆོས་ལུགས་རིས་མེད་ཀྱི་ནང་པ་སངས་རྒྱས་པ་ཙམ་མ་ཟད། དེ་བཞིན་ཁ་ཆེ་དང་ཡེ་ཤུའི་རྗེས་འབྲང་པ་སོགས་ཆོས་ལུགས་སུ་འདྲ་ཞིག་ཡིན་ཡང་དབྱར་ཆོས་ཆེན་མོར་འཛུལ་ཞུགས་ཆོག་པ་དང་། ཚོགས་འདུའི་ཐོག་རིས་མེད་མཁས་པར་གསུང་བཤད་གནང་རྒྱུའི་གོ་སྐབས་ཀྱང་ཆ་ཚང་ཡོད་པ་ཡིན་འདུག
དེ་བཞིན་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ད་ཐེངས་ལ་དྭགས་ཀྱི་རྒྱལ་ས་སླེ་ནས་ལྡུམ་རར་ཆིབས་སྒྱུར་ཉིན་གཅིག་ཕྱིར་འགྱངས་མཛད་དགོས་བྱུང་ཡོད་པ་ནི་གཙོ་བོ་མགོན་པོ་གང་ཉིད་ཀྱི་ཉིན་གཅིག་གོང་གི་མཛད་འཕྲིན་ཕྲན་བུ་དུས་འགོར་བྱུང་བར་བརྟེན་སྐུ་ཐང་ཆད་པ་ལས་མགུལ་འཆམ་བཞེས་པ་ལ་བརྟེན་ནས་ལྡུམ་རའི་ཆིབས་སྒྱུར་ཉིན་གཅིག་རིང་འཕར་འགྱངས་མཛད་པ་ཞིག་གཏན་ནས་མིན་པ་སྐུའི་བླ་སྨན་པ་ཚེ་བརྟན་རྡོ་རྗེ་ལགས་ཀྱིས་ལ་དྭགས་ལྡུམ་ར་བདེ་སྐྱིད་བཀྲ་ཤིས་ཆོས་གླིང་རྒྱལ་བའི་གཟིམ་ཆུང་ཕོ་བྲང་ནས་གསལ་བསྒྲགས་གནང་འདུག ཁོང་གིས། གཞི་རྩའི་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་འཕྲོད་བཞེས་ཧ་ཅང་ཡག་པོ་འདུག འོན་ཀྱང་ཁ་ཉིན་མཛད་འཆར་ཏོག་ཙམ་རིང་པོ་ཞིག་ཆགས་ཡོད་སྟབས་སྐུ་མདུན་གྱིས་ཏོག་ཙམ་སྐུ་ངལ་གསོ་གནང་མཛད་པ་མ་གཏོགས་སྐུའི་འཕྲོད་བཞེས་ཐོག་སེམས་ཁྲལ་གནང་དགོས་པ་རྩ་བ་ནས་མི་འདུག དད་ལྡན་མང་ཚོགས་རྣམས་ཀྱིས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུའི་འཕྲོད་བཞེས་ཐོག་ཐུགས་འཚབ་གནང་དགོས་པའི་གནས་སྟངས་རྩ་བ་ནས་མི་འདུག ལྷག་པར་ལོ་སྔོན་མའི་ནང་ལ་དྭགས་སུ་སྐུ་བཞུགས་མཛད་པའི་སྐབས་ལས་ད་རེས་སྐུའི་འཕྲོད་བཞེས་ཡག་པ་འདུག དེར་བརྟེན་ལ་དྭགས་སུ་མཛད་འཕྲིན་སྔ་ལོ་ལས་མང་བ་དང་བཞུགས་བཞག་ཀྱང་རིང་བ་ཡོད་ཅེས་དང༌། ཡང་གསར་འགོད་པས། མང་ཚོགས་ནང་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་མགུལ་འཆམ་བཞེས་པའི་སྐོར་གྱི་འཆལ་གཏམ་ཞིག་ཁྱབ་བཞིན་པ་དེར་གསལ་བཤད་གནང་རོགས་ཞུས་པར་༧སྐུའི་བླ་སྨན་པས། ལ་དྭགས་ས་སྐམ་པོ་ཡིན་པ་དང་ཐལ་རྡུལ་ཏོག་ཙམ་ཡོད་པར་བརྟེན། མཚམས་རེ་ཧབ་སྦྲིད་ཏོག་ཙམ་མཛད་པ་མ་གཏོགས་མགུལ་འཆམ་བཞེས་པ་མ་རེད་ཅེས་གསལ་བཤད་གནང་འདུག།

གསར་འགོད་པ་ཚེ་དབང་དངོས་གྲུབ་དང་། ངག་དབང་ཆོས་འཕེལ།