དྲ་ལམ་བརྒྱུད་༧གོང་ས་མཆོག་གིས་ནོ་བེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་ཀྱི་དུས་དྲན་སྲུང་བརྩི་ཞུ་འཆཪ།
དྲ་ལམ་བརྒྱུད་༧གོང་ས་མཆོག་གིས་ནོ་བེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་ཀྱི་དུས་དྲན་སྲུང་བརྩིའི་ཐོག་གནད་ཡོད་མི་སྣ་མང་པོ་མཉམ་ཞུགས་ཀྱིས་གཏམ་བཤད་གནང་འཆཪ་འདུག
ཨ་མི་རི་ཀའི་རྒྱལ་ས་ཝ་ཤིན་ཀྲོན་ལ་ཡོད་པའི་བྱང་ཨ་རིའི་སྐུ་ཚབ་དོན་གཅོད་ཁང་གིས་ཕྱི་ལོ་ ༢༠༢༠ཟླ་༡༢ཚེས་༡༠ཉིན། སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་ནོ་བེལ་ཞི་བདེའི་གཟེངས་རྟགས་འབུལ་ལམ་ཞུས་ནས་མི་ལོ་༣༡འཁོར་བའི་དུས་དྲན་(Covid-19)ཏོག་དབྱིབས་ནད་ཡམས་ཀྱི་རྐྱེན་དྲ་ལམ་བརྒྱུད་སྲུང་བརྩི་ཞུ་འཆཪ་ཡོད་པ་དང་། ཉིན་མོ་དེ་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཡོངས་ཁྱབ་འགྲོ་བ་མིའི་ཐོབ་ཐང་གི་ཉིན་མོ་ཞིག་ཀྱང་འཁེལ་གྱི་ཡོད་པ་རེད།
དབུས་བོད་མིའི་སྒྲིག་འཛུགས་ཀྱིས་གནས་ཚུལ་སྤེལ་བ་ལྟར་ན། དུས་དྲན་སྲུང་བརྩི་མཛད་སྒོའི་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་ལགས་དང་། ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་སྐུ་ཞབས་རོ་བྷེར་ཊི་ཌེ་སི་ཊི་རོ་(Robert A. Destro)ལགས། ཨ་རིའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ཊེཌ་ཡོ་ཧོ་(Ted Yoho)ལགས། ཨ་རིའི་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་ཇིམ་མེག་གྷོ་ཝན་(Jim McGovern)ལགས། ཨ་རིའི་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་ཨན་ཌེ་ལི་ཝིན་( Andy Levin)ལགས། ནོ་བེལ་ཞི་བདེའི་གཟེངས་རྟགས་བཞེས་མྱོང་མཁན་ལྕམ་སྐུ་ཇོ་ཌི་ཝིལེ་ཡེམ་སི་(Jody Williams)ལགས། ཨ་རིའི་ནང་གི་ཐེ་ཝན་གྱི་གཞུང་ཚབ་ཆེན་མོ་ཚའོ་པི་ཀིམ་ (Hsiao Bi Kyim)ལགས། ཁེ་ཎ་ཌའི་གྲོས་ཚོགས་འཐུས་མི་ཊིམ་ཨུ་པལ་(Tim Uppal)ལགས་སོགས་མཉམ་ཞུགས་གནང་རྒྱུ་ཡིན་པ་དབུས་བོད་མིའི་སྒྲིག་འཛུགས་ཀྱི་བྱང་ཨ་མི་རི་ཀའི་སྐུ་ཚབ་དོན་གཅོད་ཁང་གིས་སྤེལ་བའི་གསལ་བསྒྲགས་ནང་འཁོད་འདུག་ལ། དྲ་ལམ་གྱི་མཛད་སྒོ་དེའི་ཐོག་སྲིད་སྐྱོང་བློ་བཟང་སེངྒེ་ལགས་ཀྱང་མཉམ་ཞུགས་གནང་རྒྱུ་ཡིན་འདུག སྲིད་སྐྱོང་བློ་བཟང་སེངྒེ་མཆོག་དེང་སྐབས་ཨ་རིར་ཕེབས་བཞུགས་སུ་ཡོད་པ་རེད།