སྦི་ཧར་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་གྱིས་༧གོང་ས་མཆོག་ལ་མཇལ་འཕྲད།
2019.01.01
གནས་མཆོག་རྡོ་རྗེ་གདན་དུ་རྒྱ་གར་སྦི་ཧར་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་(Nitesh Kumar)ནི་ཏྴི་ཀུ་མཱར་མཆོག་གིས་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཆེད་དུ་མཇལ་འཕྲད་ཞུས་འདུག དེ་ཡང་ཟླ་ ༡༢ ཚེས་༡༦ ནས་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་གནས་མཆོག་རྡོ་རྗེ་གདན་དུ་ཆོས་འབྲེལ་གྱི་མཛད་འཆར་རྒྱ་ཆེ་ཞིག་བསྐྱངས་དང་སྐྱོང་བཞིན་ཡོད་པ་དང་། ༢༠༡༨ ཟླ་ ༡༢ ཚེས་༣༡ ཉིན་དབུས་བོད་མིའི་སྒྲིག་འཛུགས་དང་། གསུང་ཞབས་རྣམ་རྒྱལ་གྲ་ཚང་། དེ་བཞིན་ཤེས་དཀར་མངའ་ཞབས་བཅས་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་སྒྲོལ་དཀར་ཚེ་གྲུབ་ཆོ་གའི་སྒོ་ནས་བརྟན་བཞུགས་བསྟར་འབུལ་ཞུས་ཡོད་པ་མ་ཟད། མཛད་འཆར་ལྟར་ སྤྱི་ནོར་གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཐེངས་འདིའི་གནས་མཆོག་རྡོ་རྗེ་གདན་ནང་གྱི་ཆོས་འབྲེལ་གྱི་མཛད་འཆར་མཐའ་མ་དེ་ཟླ་ ༡༢ ཚེས་ ༣༡ ཉིན་མོ་དེ་ཆགས་ཡོད་ཅིང་། དེ་ཉིན་ཕྱེད་ཡོལ་ཆུ་ཚོད་ ༤ ཙམ་ལ་སྦི་་ཧར་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་ནི་ཊིཤ་ཀུམཱར་མཆོག་གིས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་བཞུགས་གནས་ཕོ་བྲང་དགའ་ལྡན་འཕེལ་རྒྱས་གླིང་དུ་ཆེད་བཅར་གྱི་༸གོང་ས་མཆོག་གི་ཞབས་ལ་གཏུགས་ནས་མཇལ་འཕྲད་ཞུས་ནས་དུས་ཡུན་སྐར་མ་ ༤༥ རིང་བཀའ་མོལ་ཞུས་ཡོད་པ་དང་མཇལ་འཕྲད་སྐབས་༸གོང་ས་མཆོག་གིས་མངའ་སྡེའི་ནང་གི་མི་སེར་སྐྱོ་བོ་ཚོ་ལ་ཞབས་འདེགས་གང་ལེགས་གནང་དགོས་པ་དང་། འཛམ་གླིང་ཞི་བདེ་ནི་སངས་རྒྱས་བཅོམ་ལྡན་འདས་ཀྱི་བཀའ་ལས་བཟང་པོའི་བསླབ་བྱ་ཁོ་ནའི་བརྒྱུད་སྐྲུན་ཐུབ་པ་ཞིག་དང་། གལ་སྟེ་སྤྱི་ཚོགས་འདི་སངས་རྒྱས་ཀྱི་བཀའ་གཞིར་བཟུང་བསམ་ཞིབ་བྱེད་པ་ཡིན་ན་ཁོང་གི་བྱིན་རླབས་ཡང་ཐོབ་ཀྱི་རེད་ཅེས་བཀའ་གནང་ཡོད་པ་མ་ཟད། ༧གོང་ས་མཆོག་ནས་རྟེན་འབྲེལ་མཚོན་ཆེད་དུ་ཁོང་ལ་དཀར་གཙང་མཇལ་དར་ཡང་གསོལ་སྩལ་གནང་ཡོད་པ་རེད། དེ་རྗེས་སྐུ་ཞབས་ནི་ཊིཤ་ཀུ་མར་མཆོག་གནས་མཆོག་རྡོ་རྗེ་གདན་ནང་གི་བྱང་ཆུབ་མཆོད་རྟེན་དུ་གནས་གཟིགས་གནང་ཞིང་། གསར་འགོད་པ་ཁག་གཅིག་ལ་ད་རེས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་མཇལ་འཕྲད་དང་འབྲེལ་བའི་སྐོར་ལ་གསུངས་དོན། ད་རེས་གོང་ས་སྐྱབས་མགོན་ཆེན་པོ་མཆོག་གནས་མཆོད་རྡོ་རྗེ་གདན་དུ་ཆོས་འབྲེལ་བསྐྱངས་པའི་རིང་མགོན་པོ་གང་ཉིད་མཆོག་སྐུ་ཐང་ཆད་པའི་དབང་གྱིས་ཉིན་གཅིག་རིང་ཆོས་འབྲེལ་བར་མཚམས་འཇོག་དགོས་པའི་གནས་སྟངས་བྱུང་པའི་གནས་ཚུལ་ཐོས་མ་ཐག་ཁོང་ལ་འཕྲལ་དུ་མཇལ་ འཕྲད་ཞུ་རྒྱུའི་རེ་འདུན་བྱུང་པ་བཞིན་ད་རེས་ཆེད་བཅར་ཞུས་པ་ཡིན། ཁྱེ་རང་ཚོས་མཁྱེན་གསལ་ལྟར་ངོས་ནས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་མཇལ་ཁ་ཐེངས་མང་ཞུས་པ་ཡིན། མཐའ་ན་བཞུགས་སྒར་རྡ་རམ་ས་ལར་བཅར་ནས་ཁོང་གི་མཇལ་ཁ་ཞུས་རྒྱུའི་གོ་སྐལ་ཡང་བྱུང་། ཁོང་གི་བཀའ་སློབ་གཙོ་བོར་དཔལ་ན་ལཎྜའི་ལྟ་གྲུབ་ནི་ནང་པ་སངས་རྒྱས་པའི་ཆོས་ཀྱི་གཞི་རྩ་ལྟ་བུ་ཡིན་པ་བཀའ་ཡང་ཡང་གནང་གི་འདུག་ཅེས་དང་། ད་རེས་འདིར་བཅར་ནས་གནས་མཆོག་རྡོ་རྗེ་གདན་གྱི་བྱང་ཆུབ་མཆོད་རྟེན་གྱི་དྲུང་དུ་སྨོན་ལམ་རྒྱག་དུས་སེམས་ནང་དམིགས་བསལ་བདེ་བ་ཞིག་ཡོང་གི་འདུག་ལ། ་ད་རེས་ཀྱི་གོ་སྐབས་འདིའི་བརྒྱུད་ཚང་མ་ལ་ཕྱི་ལོ་གསར་པའི་འཚམས་འདྲི་ཞུ་འདོད་བྱུང་ཞེས་གསུངས་ཡོད་པ་རེད།
གསར་འགོད་པ་པ་སངས་ཚེ་རིང་།