གནས་ཆུང་སྒྲ་དབྱངས་གླིང་གྲྭ་ཚང་གིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་བརྟན་བཞུགས་བསྟར་འབུལ་དང་འབྲེལ། མགོན་པོ་མཆོག་སྐུ་ཚེ་ཡུན་རིང་བརྟན་རྒྱུའི་ཞལ་བཞེས་བསྐྱར་ནན་མཛད་འདུག
གནས་ཆུང་ཆོས་རྒྱལ་ཆེན་པོའི་བཀའ་ལུང་དགོངས་དོན་ལྟར་ཕྱི་ཟླ་ ༣ ཚེས་ ༢༤ རེས་གཟའ་ཟླ་བའི་ཉིན་གྱི་སྔ་དྲོ་བཞུགས་སྒར་རྒྱལ་བའི་ཕོ་བྲང་དུ་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་གནས་ཆུང་སྒྲ་དབྱངས་གླིང་གྲྭ་ཚང་གིས་རྒྱལ་པོ་ཚེ་ལྷ་དཀར་པོའི་ཆོ་གའི་སྒོ་ནས་བརྟན་བཞུགས་བསྟར་འབུལ་ཞུས་པ་དང་འབྲེལ། སྐབས་དེར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དགུང་གྲངས་ ༡༣༠ ལྷག་བཞུགས་རྒྱུའི་ཞལ་བཞེས་བསྐྱར་ནན་མཛད་འདུག
གནས་ཆུང་གྲྭ་ཚང་གིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུ་རྒྱུའི་དམིགས་ཡུལ་དང་འབྲེལ་ཏེ་གནས་ཆུང་ཆོས་རྒྱལ་ཆེན་མོའི་སྐུ་རྟེན་ཐུབ་བསྟན་དངོས་གྲུབ་ལགས་ཀྱིས། ཐེངས་འདིའི་བརྟན་བཞུགས་དེ་བཞིན་གནས་ཆུང་ཆོས་རྒྱལ་ཆེན་མོའི་བཀའ་ལུང་ལྟར་བོད་ཚེས་ ༢༥ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་རྒྱལ་པོ་ཚེ་ལྷ་དཀར་པོའི་ཆོ་གའི་སྒོ་ནས་བསྟར་འབུལ་ཞུས་ཡོད་པ་དང་། སྐབས་དེར་མགོན་པོ་གང་ཉིད་ནས་དགུང་གྲངས་ ༡༣༠ ལྷག་བཞུགས་རྒྱུའི་ཞལ་བཞེས་བཀའ་བཟང་སྩལ་ཡོད་པ་འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།
མ་ཟད་ཐེངས་འདིའི་བརྟན་བཞུགས་གོ་སྒྲིག་གནང་མཁན་གྱི་འབྲེལ་ཡོད་གནས་ཆུང་གྲྭ་ཚང་གི་དགེ་བཤེས་རྡོ་རྗེ་ལགས་ཀྱིས། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་རྒྱལ་པོ་ཚེ་ལྷ་དཀར་པོའི་ཆོ་གའི་སྒོ་ནས་བརྟན་བཞུགས་བསྟར་འབུལ་རྒྱུའི་དགོས་དམིགས་འགྲེལ་བརྗོད་དང་སྦྲགས། སྤྱིར་རྒྱལ་པོ་སྐུ་ལྔའི་རྣམ་པ་དེ་སྐབས་རེར་རྒྱལ་པོའི་རྣམ་པ་དང་སྐབས་རེ་བློན་པོའི་རྣམ་པ་བཅས་སྐུ་ལྔའི་རྣམ་པ་དེ་གཅིག་ཏུ་ངེས་པ་ཞིག་མེད་ཀྱང་། དེ་རིང་གི་བརྟན་བཞུགས་དེ་ནི་རྒྱལ་པོ་སྐུ་ལྔའི་རྣམ་པའི་སྒོ་ནས་ཕུལ་ཡོད་པ་སོགས་ཀྱི་སྐོར་ངོ་སྤྲོད་གནང་བྱུང་།
དེ་བཞིན་དེ་སྔ་འབྲས་སྤུངས་སྒོ་མང་གྲྭ་ཚང་དུ་སློབ་གཉེར་གནང་མྱོང་མཁན་སོག་པོའི་བླ་མ་བློ་བཟང་རྒྱ་མཚོ་ལགས་ཀྱིས། ཁོང་དང་ལྷན་དུ་ཨ་རི་དང་སོག་ཡུལ་ནས་ཕེབས་པའི་གནས་ཆུང་སྐུ་རྟེན་དང་འབྲེལ་ཡོད་རྣམ་པ་དང་གྲྭ་ཚང་གི་སྦྱིན་བདག་ཁག་ཅིག་ཆེད་དུ་གནས་ཆུང་གྲྭ་ཚང་ནས་གོ་སྒྲིག་ཞུས་པའི་བརྟན་བཞུགས་དེར་བཅར་ཡོད་པ་དང་། ལྷག་པར་དུ་བོད་ཚེས་ ༢༥ དུས་བཟང་གི་དུས་ཚོད་དེ་ལྟ་བུ་ཞིག་ལ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཇལ་ཁ་ཞུ་རྒྱུ་བྱུང་བ་དང་། མགོན་པོ་གང་ཉིད་ལ་བརྟན་བཞུགས་འབུལ་རྒྱུའི་བསོད་ནམས་གསག་རྒྱུ་བྱུང་བར་ཤིན་ཏུ་ནས་དགའ་ཚོར་དགའ་པོ་བྱུང་ཞིང་། མགོན་པོ་གང་ཉིད་དགུང་གྲངས་ ༡༣༠ ལྷག་བཞུགས་རྒྱུའི་ཞལ་བཞེས་བཟང་པོ་ཐོབ་ཡོད་པའི་སྐོར་འགྲེལ་བརྗོད་གནང་བྱུང་།

དེ་སྔ་གནས་ཆུང་གྲྭ་ཚང་དུ་རྩིས་པ་གནང་མྱོང་མཁན་ཀོ་ལོ་རཱ་གྲོ་ནས་ཡིན་པའི་པ་སངས་དོན་གྲུབ་ལགས་ཀྱིས། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དགུང་གྲངས་ ༡༣༠ ལྷག་བཞུགས་རྒྱུའི་ཞལ་བཞེས་བཟང་པོ་གནང་བར་རང་བཞིན་གྱིས་དགའ་བའི་མིག་ཆུ་ཤོར་ཞིང་། ལྷག་པར་དུ་དེ་རིང་དམིགས་བསལ་རྒྱལ་བའི་ཕོ་བྲང་དུ་བརྟན་བཞུགས་འབུལ་རྒྱུའི་གོ་སྐབས་བྱུང་བ་དེ་སྨི་ལམ་ལྟ་བུའི་ཚོར་བ་བྱུང་ཡོད་པའི་སྐོར་འགྲེལ་བརྗོད་གནང་བྱུང་།
གཞི་རྩའི་ཕྱི་ཟླ་ ༣ ཚེས་ ༢༤ ཉིན་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་གནས་ཆུང་གྲྭ་ཚང་གཙོས་པའི་གནས་ཆུང་གྲྭ་ཚང་གི་ལས་བྱེད་ཟུར་པ་དང་། གྲྭ་ཟུར། དེ་བཞིན་ཁོང་རྣམས་ཀྱི་ནང་མི་བཅས་ཁྱོན་དད་ལྡན་པ་ ༢༠༠ ལྷག་ཙམ་ཞིག་ནས་བརྟན་བཞུགས་བསྟར་འབུལ་ཞུས་ཡོད་པ་རེད་འདུག །
གསར་འགོད་པ། བདེ་ཆེན་དབང་མོ།
རྩོམ་སྒྲིག་པ། བསྟན་འཛིན་པདྨ།
དྲྭ་ཐོག་སྤེལ་མཁན། བསྟན་འཛིན་བསྟན་སྐྱོང་།