༧གོང་ས་མཆོག་གིས་ཕྱིར་བོད་ལ་ཕེབས་ཐུབ་རྒྱུ་ཡིན་པ་གསུངས་བ།
2016.04.08
༧གོང་ས་མཆོག་གིས་བོད་མི་བརྒྱ་ཆ་༩༩་ཡིས་ངོས་ལ་ཡིད་ཆེས་དང་རྒྱ་ནག་ནང་ནང་བ་ཇེ་མང་ལ་འགྲོ་བཞིན་པ་སོགས་གསུངས་འདུག
དེ་ཡང་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས། འདི་ཚེས་༧་རེས་གཟའ་ཕུར་བུ་ཉིན། རྒྱ་གར་གྱི་NDTV་ཞེས་པའི་བརྙན་འཕྲིན་ལས་ཁང་དེའི་ཆུ་ཚོད་གཅིག་རིང་གི་བཅར་འདྲིར་། མགོན་པོ་གང་ཉིད་ཀྱི་སྐུ་གཟུགས་ཀྱི་གནས་བབ་ཧ་ཅང་ལེགས་པོ་ཡོད་པ་དང་། ད་དུང་ལོ་ངོ་༢༠་འཚོ་བཞུགས་ཐུབ་པ་ཡོང་རྒྱུ་ཡིན་སྐོར་བཀའ་གནང་འདུག
ད་དུང་༧གོང་ས་མཆོག་ལ་ཉིན་གཅིག་བོད་ལ་ཕྱིར་ལོག་ཕེབས་ཐུབ་རྒྱུ་ཡིན་མིན་སྐོར་བཀའ་འདྲི་ཞུས་སྐབས་གང་ཉིད་ཀྱིས་དེ་ལྟར་ཡོང་རྒྱུ་ཡིན་སྐོར་གསུངས་བ་དང་། དེའི་རྒྱུ་མཚན་ནི་བོད་མི་བརྒྱ་ཆ་༩༩་ཡིས་ངོས་ལ་ཡིད་ཆེས་བློས་འགེལ་བྱེད་ཀྱི་ཡོད། ངོས་རང་མི་ངོ་རེ་དང་ཐུག་འཕྲད་བྱེད་སྐབས་ཁོང་ཚོས་ངོས་རང་བོད་ནང་མཇལ་བའི་རེ་བ་བཏོན་གྱི་འདུག མཚམས་རེ་ངོས་རང་ལ་ཚོར་སྣང་ཧ་ཅང་གི་ཆེན་པོ་ཞིག་ཡོང་གི་འདུག དེ་བཞིན་དེ་སྔོན་ལོ་བཞིའི་སྔོན་རྒྱ་ནག་ནང་གི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་ཞིག་གིས་ཞིབ་འཇུག་གནང་བའི་འབྲས་བུར་དེང་སྐབས་རྒྱ་ནག་ནང་ནང་པའི་མི་འབོར་དེ་ས་ཡ་༣༠༠་ལྷག་ཡོད་པའི་གནས་ཚུལ་ཤེས་རྟོགས་བྱུང་ཡོད། ད་ལྟའི་ཆར་རྒྱ་ནག་གི་རྒྱལ་ཁབ་དེ་འཛམ་གླིང་ནང་ནང་པའི་མི་འབོར་ཆེ་ཤོས་ཡོད་པའི་རྒྱལ་ཁབ་ཅིག་ཆགས་ཡོད། དེ་འདྲ་སོང་ཙང་རྒྱ་མིའི་ནང་པ་དེ་ཚོ་དང་མི་དཀྱུས་མ་ཁག་ཅིག་ངོས་རང་ཐུག་འཕྲད་ཆེད་ཡང་ཡང་ཡོང་གི་ཡོད། དེང་སྐབས་བདུན་རེའི་ནང་རྒྱ་མི་རྣམས་དང་ཐུགས་འཕྲད་བྱེད་སྐབས་ཁོང་ཚོས་མིག་ནས་འཆི་མ་གཏོང་གི་འདུག དེ་འདྲ་སོང་ཙང་གནས་ཚུལ་ཐོག་འགྱུར་བ་འགྲོ་བཞིན་ཡོད་པ་རེད་ཅེས་བཀའ་གནང་འདུག
དེ་བཞིན་༧གོང་ས་མཆོག་གིས་འཛམ་གླིང་གི་སྤྱི་ཚོགས་འདི་དམངས་གཙོ་དང་། རང་དབང་ཕྱི་གསལ་ནང་གསལ་སོགས་ཀྱི་ཁ་ཕྱོགས་སུ་བསྐྱོད་ཀྱི་ཡོད་སྟབས། རྒྱ་ནག་དེ་ཡང་འཛམ་གླིང་འདིའི་ནང་གི་ཆ་ཤས་ཤིག་ཡིན་པའི་ཆ་ནས་དེའི་ཕྱོགས་སུ་མ་བསྐྱོད་ཀ་མེད་ཡིན་སྐོར་སོགས་བཀའ་སྩལ་གནང་ཡོད་པ་རེད།
གསར་འགོད་པ་ལྷུན་གྲུབ་ཚེ་རིང་།