བལ་ཡུལ་གློ་ནས་ཡིན་པའི་དད་ལྡན་པ་ཁག་ཅིག་གིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་བརྟན་བཞུགས་བསྡུས་པ་བསྟར་འབུལ་ཞུས་འདུག

2025.03.22
བལ་ཡུལ་གློ་ནས་ཡིན་པའི་དད་ལྡན་པ་ཁག་ཅིག་གིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་བརྟན་བཞུགས་བསྡུས་པ་བསྟར་འབུལ་ཞུས་འདུག གློ་མི་ཞིག་ནས་མཇལ་ཁ་ཞུ་བཞིན་པ། ༢༠༢༥།༠༣།༢༢
screengrab

དེ་རིང་ཕྱི་ཟླ་ ༣ ཚེས་ ༢༢ རེས་གཟའ་སྤེན་པའི་ཉིན་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་དུ་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་གློ་མོན་ཐང་ནས་ཡིན་པའི་དད་ལྡན་པ་ ༢༥ ནས་སྐུ་ཚེ་ཡུན་རིང་བརྟན་ཆེད་དུ་བརྟན་བཞུགས་བསྡུས་པ་བསྟར་འབུལ་དང་འབྲེལ། མགོན་པོ་མཆོག་གིས་ཧི་མ་ལ་ཡའི་རི་རྒྱུད་དང་ཕྱིའི་རྒྱལ་ཁབ་ཁག་ནས་ཕེབས་པའི་དད་ལྡན་མཇལ་ཞུ་བ་ ༣༨༠ ལྷག་ལ་མཇལ་ཁ་སྩལ་གནང་མཛད་འདུག་པ་མ་ཟད། མཇལ་བཅར་བ་རྣམས་ལ་ནང་སེམས་ཀྱི་དངངས་སྐྲག་ཡོང་གཞི་གཙོ་བོ་རྣམ་རྟོག་ཡིན་པས། དེ་འདུལ་བར་སྤྱོད་འཇུག་སློབ་སྦྱོང་གནང་དགོས་པའི་ལམ་སྟོན་མཛད་འདུག

དེ་རིང་གི་མཇལ་ཞུ་བའི་ཁོངས་སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུ་མཁན་བལ་ཡུལ་གློ་ནས་ཡིན་པའི་བུ་ཁྲིད་ལགས་ཀྱིས་དེ་རིང་འདིར་ཁོང་གིས་གསོལ་བ་བཏབ་པ་བཞིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཞལ་མཇལ་བྱུང་བར་ཧ་ཅང་གི་དགའ་སྣང་བྱུང་བ་དང་། ༸མགོན་པོ་གང་ཉིད་སྐུ་ཚེ་བརྟན་ཅིང་ཚེ་རབས་ཀུན་ཏུ་མི་བྲལ་བ་དང་། འགྲོ་བ་ཡོངས་ལ་སྤྱན་རས་གཟིགས་ཀྱི་སྐུ་གསུངས་ཐུགས་ཀྱི་བྱིན་རླབས་འཇུག་པ་ཤོག་ཅེས་སྨོན་ལམ་དང་བཅས་གསུངས་བྱུང་།

HHDL-audience-general-public-22march2025-PHOTO-OHHDL (1).jpg
མི་མང་མཇལ་ཁ་གནང་བཞིན་པ།

དེ་བཞིན་གློ་ནས་ཡིན་པའི་བསམ་གཏན་ལགས་ཀྱིས་ཀྱང་དེ་རིང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཇལ་ཁ་ཐོབ་པར་དགའ་སྐྱོ་བཟུང་འབྲེལ་གྱི་ཚོར་བ་བྱུང་ཞེས་དང་༸མགོན་པོ་མཆོག་སྐུ་ཚེ་ཡུན་རིང་བརྟན་པའི་སྨོན་ལམ་ཡོད་པ་གསུངས་བྱུང་།

གཞན་ཡང་མཇལ་ཞུ་བའི་ཁོངས་ཌན་མག་ནས་ཕེབས་པའི་མེ་ཊ་ལགས་ཀྱིས་ཊན་མག་ནས་ཁོང་ཚོ་མི་གྲངས་ ༡༡ ཙམ་ཞིག་བོད་པའི་ནང་ཆོས་དང་རིག་གཞུང་སོགས་ལ་རྒྱུས་མངའ་དང་ཉམས་ལེན་ཆེད་དུ་སླེབས་ཡིན་ཞིང་།  དེ་རིང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་མཆོག་གིས་མཇལ་ཁ་སྩལ་བར་བསོད་ནམས་ཆེན་པོ་ཚོར་བྱུང་ལ། མགོན་པོ་མཆོག་མཇལ་སྐབས་སེམས་ཚོར་ཆེན་པོ་བྱུང་ཞེས་འགྲེལ་བརྗོད་གནང་བྱུང་།

ཡང་བཞུགས་སྒར་དུ་རྟེན་གཞི་བྱས་པའི་རིག་ལམ་སློབ་གཉེར་ཁང་དང་སྔ་མོ་ནས་འབྲེལ་བ་ཡོད་པའི་ཇི་འུ་མི་རིགས་ (Kivunim) གྱི་སློབ་ཕྲུག་ ༣༨ ཙམ་ཞིག་༸གོང་ས་མཆོག་གི་མཇལ་ཁ་ཞུ་བར་ཕེབས་ཡོད་སྐོར་ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་གི་ལྟ་གྲུབ་སློབ་དཔོན་བསྟན་འཛིན་དམ་ཆོས་ལགས་ཀྱིས་འགྲེལ་བརྗོད་གནང་བྱུང་།

གཞི་རྩའི་དེ་རིང་གི་མཇལ་བཅར་བ་ཕལ་མོ་ཆེ་བ་ཧི་མ་ལ་ཡའི་རི་རྒྱུད་གློ་མོན་ཐང་དང་། ཕྱི་རྒྱལ་ནས་ཕེབས་པའི་དད་ལྡན་པ་རེད་འདུག །

གསར་འགོད་པ། རྡོ་རྗེ་སྒྲོལ་མ། 

རྩོམ་སྒྲིག་པ། བསྟན་འཛིན་བསྟན་སྐྱོང་། 

དྲྭ་ཐོག་སྤེལ་མཁན། བསྟན་འཛིན་བསྟན་སྐྱོང་། 



བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་ནང་གི་རྫ་སྟོད་རྫོང་གི་ས་འགུལ་ཁྲོད་མི་རྒྱུ་གཉིས་ལ་གནོད་སྐྱོན་བྱུང་མེད་སྐོར། བོད་ནང་གི་བོད་མིས་འགྲེལ་བརྗོད་གནང་གི་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎