འགྲོ་བ་མིའི་བཟང་པོའི་ཡོན་ཏན་ནི་འཛམ་གླིང་ཞི་བདེའི་ལྡེ་མིག་ཡིན། ༧གོང་ས་མཆོག་གིས།
2018.12.12
འཛམ་གླིང་ནང་ཕྱིའི་དམག་འཐབ་སྤོང་རྒྱུར་ཐོག་མར་ནང་སེམས་ཀྱི་དམག་འཐབ་སྤོངས་དགོས་བ་༧གོང་ས་མཆོག་གིས་གསུངས་འདུག
དེ་ཡང་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ནས་ཟླ་བ་འདིའི་ཕྱི་ཚེས་༡༢་ཉིན། རྒྱ་གར་གྱི་ཚོང་དོན་བསྟི་གནས་མུམ་བྷེ་གྲོང་ཁྱེར་ནང་གི་མུམ་བྷེ་གཙུག་ལག་སློབ་ཁང་གི་དགེ་ལས་སློབ་ཕྲུག་དང་། དེ་མིན་དོན་གཉེར་ཅན་གྱི་རྒྱ་གར་བ་དང་ཕྱི་རྒྱལ་བ། དེ་བཞིན་བོད་རིགས་བཅས་ཁྱོན་མི་གྲངས་༥༠༠་ཙམ་འཛོམས་སར་མུམ་བྷེ་གཙུག་ལག་སློབ་ཁང་གི་ནང་ནང་ཆོས་དང་འབྲེལ་བའི་བྱམས་བརྩེའི་སྐོར་ལ་ཉིན་གསུམ་རིང་གི་རྒྱལ་སྤྱིའི་ལྷན་ཚོགས་དབུ་འབྱེད་མཛད་སྒོའི་ཐོག འཛམ་གླིང་ནང་ཕྱིའི་དམག་འཐབ་སྤོང་རྒྱུར་ཐོག་མར་ནང་སེམས་ཀྱི་དམག་འཐབ་སྤང་ཏེ་བྱམས་བརྩེའི་གཙོ་བོ་གྱུར་པའི་འགྲོ་བ་མིའི་རིན་ཐང་གོང་མཐོར་བཏང་ནས་འཛམ་གླིང་ཞི་བདེ་བསྐྲུན་དགོས་བ་དང་། དུས་རབས་༢༠་པ་དེ་མི་གསོད་ཁྲག་སྦྱོར་གྱི་དུས་རབས་ཞིག་ཏུ་འགྱུར་ཏེ་འཛམ་གླིང་མི་མང་ཚོས་སྡུག་བསྔལ་བསྟུད་མར་མྱོང་བཞིན་པར་ཞེན་པ་ལོག་ཏེ་ཞི་བདེ་འདོད་གྱི་ཡོད་པར་བརྟེན་དུས་རབས་༢༡་པ་དེ་དོན་དང་ལྡན་པའི་ཞི་བདེའི་དུས་རབས་ཤིག་འགྱུར་ཐབས་སུ་ཕན་ཚུན་གྲོས་མོལ་བྱེད་དགོས་པ་དང་། དེ་ཡང་གཙོ་བོ་འཛམ་གླིང་ནང་འགྲོ་བ་མི་དུང་ཕྱུར་བདུན་བཅུ་ཡོད་པ་ཚང་མས་དབྱེ་འབྱེད་དང་ཕྱོགས་རིས་སྤང་ཏེ་མི་གཅིག་འགྱུར་གི་འདུ་ཤེས་འཛིན་པའི་ཐོག་ནས་རྒྱ་གར་གྱི་གནའ་བོ་རིག་གཞུང་དང་སེམས་ཁམས་རིག་པའི་གནས་ལུགས་དང་འབྲེལ་ཏེ་འགྲོ་བ་མིའི་བཟང་པོའི་ཡོན་ཏན་གོང་མཐོར་གཏང་རྒྱུ་དེ་ནི་འཛམ་གླིང་ཞི་བདེའི་བསྐྲུན་རྒྱུའི་ལྡེ་མིག་ཞིག་ཡིན་པ་བཀའ་གནང་བ་དང་། གཙུག་ལག་སློབ་ཁང་གིས་བྱམས་བརྩེའི་སྐོར་གྱི་བགྲོ་གླེང་གོ་སྒྲིག་ཞུས་པ་དེར་བསྔགས་བརྗོད་གནང་སོང་།
༧གོང་ས་མཆོག་གི་གསུང་བཤད་གྲུབ་མཚམས་སུ་མང་ཚོགས་ནས་གཅིག་རྗེས་གཉིས་མཐུད་བཀའ་འདྲི་དགོངས་སྐོར་ཞུས་གནང་སོང་ལ་ཉིན་གསུམ་གྱི་རྒྱལ་སྤྱིའི་ལྷན་ཚོགས་དེའི་ནང་གཏམ་བཤད་གནང་མཁན་དུ་མ་ཞིག་འདུག་པའི་ནང་། གཙུག་ལག་སློབ་ཁང་དེ་ནས་ཐོན་པ་རྩོམ་པ་པོ་དང་བོད་དོན་འཐབ་རྩོད་པ་བསྟན་འཛིན་བརྩོན་འགྲུས་ལགས་ཀྱང་ཡོད་པ་རེད་འདུག
འདི་ཚེས་༡༣་ཉིན་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ནས་མུམ་བྷེ་གྲོང་ཁྱེར་ནང་ཡོད་པའི་གུ་རུ་ན་ནག་སྒྱུ་སྩལ་དང་ཚན་རིག་དེ་བཞིན་ཚོང་རིག་བཅས་ཀྱི་མཐོ་སློབ་ཁང་གི་ནང་དུ་རྙིང་རྗེ་དང་ཀུན་ཁྱབ་འགན་འཁུར་དགོས་གལ་ཆེ་བའི་རང་བཞིན་སྐོར་བཀའ་སློབ་གནང་འཆར་འདུག
གསར་འགོད་པ་པདྨ་དངོས་གྲུབ།