མོ་རོ་ཀོ་རྒྱལ་ཁབ་ཏུ་ས་ཡོམ་བརྒྱབས་ཏེ་རྐྱེན་ཆག་ཚབས་ཆེན་བྱུང་བར། ༸གོང་ས་མཆོག་གིས་ཐུགས་གསོའི་གསུང་འཕྲིན་སྩལ་བ།

2023.09.11
མོ་རོ་ཀོ་རྒྱལ་ཁབ་ཏུ་ས་ཡོམ་བརྒྱབས་ཏེ་རྐྱེན་ཆག་ཚབས་ཆེན་བྱུང་བར། ༸གོང་ས་མཆོག་གིས་ཐུགས་གསོའི་གསུང་འཕྲིན་སྩལ་བ།
སྒྲིག་བཟོ།

ཨ་རབ་ཡུལ་གྱི་མོ་རོ་ཀོ་རྒྱལ་ཁབ་ཏུ་ཉེ་ལམ་སྤྱི་ཟླ་༩པའི་ཚེས་༨ཉིན། ས་ཡོམ་ཚད་རིམ་༦་༨ཅན་ཞིག་བརྒྱབས་ཏེ་མི་གྲངས་ཉིས་སྟོང་བརྒྱ་དང་ཉི་ཤུ་རྩ་གཉིས་རྐྱེན་ལམ་དུ་ཤོར་བ་མ་ཟད། ཡུལ་མི་འབུམ་ཁ་ཤས་ཀྱི་འཚོ་ཐབས་ལ་གནོད་འཚེ་ཚབས་ཆེན་ཕོག་ཡོད་པར་བརྟེན། བོད་མིའི་དབུ་ཁྲིད་༸གོང་ས་མཆོག་གིས་བཞུགས་སྒར་ཕོ་བྲང་དུ། སྤྱི་ཟླ་༩པའི་ཚེས་༡༡ཉིན་མོར་མོ་རོ་ཀོའི་སྲིད་བློན་གྱི་མཚན་ཐོག་ཏུ་ཐུགས་གསོའི་གསུང་འཕྲིན་ཞིག་ཕེབས་པའི་ནང་། ས་ཡོམ་གྱི་ཁྲོད་རྐྱེན་འདས་སུ་སོང་བའི་ནང་མི་ཚོར་གདུང་སེམས་མཉམ་བསྐྱེད་དང་། གོད་ཆག་ཕོག་པ་ཀུན་ལ་ཐུགས་སྨོན་སྐྱབས་འཇུག་གནང་གི་ཡོད་པ་མ་ཟད། མགོན་པོ་གང་ཉིད་ཀྱིས་དགའ་ལྡན་ཕོ་བྲང་ཡིག་ཚང་བརྒྱུད་ནས་ཞལ་འདེབས་གནང་རྒྱུ་ཡིན་པ་སོགས་འཁོད་ཡོད་པ། དགའ་ལྡན་ཕོ་བྲང་གི་དྲུང་ཆེ་ཆོས་སྐྱབས་པ་འཆི་མེད་རིག་འཛིན་ལགས་ནས་འགྲེལ་བརྗོད་གནང་གི་འདུག

སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་ད་དུང་གསུང་འཕྲིན་བཀའ་ཡིག་དེེར། མོ་རོ་ཀོ་གཞུང་གིས་ས་ཡོམ་བྱུང་ཡུལ་དེར་ཐབས་ཤེས་གང་དྲག་བཏོན་ནས་རོགས་སྐྱོར་དང་མྱུར་སྐྱོབ། ངལ་སེལ་གྱི་འབད་བརྩོན་བསྟེན་གང་ལེགས་བསྟེན་བཞིན་པའི་ཁར། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིའང་འགན་ཡོད་གཞུང་སྒེར་ཚོགས་སྡེ་མང་པོས་ས་ཡོམ་བྱུང་འཕྲལ། རོགས་སྐྱོར་བཏང་དང་གཏོང་བཞིན་པ་ནི་ཡི་རང་གི་གནས་སུ་གྱུར་པ་འཁོད་ཡོད་ཅིང་། ༸གོང་ས་མཆོག་གིས་འགྲོ་བ་མི་གཅིག་གྱུར་གྱི་འདུ་ཤེས་ཐོག་ནས། སྔོན་མ་ཨ་ཧྥ་གྷ་ནི་སི་ཏན་དང་སེའུ་རི་ཡ། ཊིར་ཀི་སོགས་ཀྱི་ནང་དུ་འབྱུང་བའི་འཇིག་པ་བྱུང་སྐབས་ཀྱང་། བསྔོ་སྨོན་དང་ཐུགས་གསོའི་གསུང་འཕྲིན་ཕེབས་པ། ཞལ་འདེབས་རྒྱ་མི་ཆུང་བ་རེ་གནང་ལམ་ཡོད་པ་སོགས། དགའ་ལྡན་ཕོ་བྲང་གི་དྲུང་ཆེ་ཆོས་སྐྱབས་པ་འཆི་མེད་རིག་འཛིན་ལགས་ནས་འགྲེལ་བརྗོད་གནང་གི་འདུག

མོ་རོ་ཀོ་རྒྱལ་ཁབ་ནི་ཨ་ཧྥི་རི་ཀའི་བྱང་ཕྱོགས་སུ་ཆགས་པའི་ཨ་རབ་ཀྱི་མི་རིགས་དང་མི་འབོར་ས་ཡ་༣༧ལྷག་ཡོད་པ། གཙོ་ཆེར་ཁ་ཆེ་ཨི་སི་ལམ་ཆོས་ལུགས་ལ་དད་མོས་གནང་མཁན་གྱི་ཡུལ་གྲུ་ཞིག་ཡིན་པ་དང་། མོ་རོ་ཀོ་ནང་གནས་སྡོད་བོད་མི་ཞིག་གིས་གསུངས་ན། མོ་རོ་ཀོ་ནི་ཧྤ་རན་སིའི་སྐད་ཡིག་བེད་སྤྱོད་ཤུགས་ཆེ་གཏོང་མཁན་གྱི་རྒྱལ་ཁབ་ཞིག་ཡིན་པར་བརྟེན། ཡུལ་དེའི་མི་མང་པོ་ཞིག་གིས་ཧྥ་རན་སིའི་སྐད་ཡིག་གི་བརྒྱུད་ལམ་ནས་བོད་དོན་སྐོར་གོ་རྟོགས་དང་། བོད་མིའི་དབུ་ཁྲིད་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་སྐོར་ཀྱང་ཤེས་རྟོགས་ཡག་པོ་ཡོད་པའི་ཡུལ་གྲུ་ཞིག་ཆགས་ཡོད་པའང་འགྲེལ་བརྗོད་གནང་གི་འདུག

 

གསར་འགོད་པ། བློ་བྷེ།
རྩོམ་སྒྲིག་པ། ཡེ་ཤེས་ཟླ་བ། བསྟན་འཛིན་འཕགས་སྒྲོན།
དྲྭ་ཐོག་སྤེལ་མཁན། བསྟན་འཛིན་འཕགས་སྒྲོན།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎