༧གོང་ས་མཆོག་གི་སྐུའི་འཕྲོད་བཞེས་མཇུག་སྐྱོང་བརྟག་དཔྱད་གྲུབ་འབྲས་ཡག་པོ་འདུག

བོད་ཀྱི་དབུ་ཁྲིད་༧གོང་ས་མཆོག་ལྡི་ལིའི་(MAX)་སྨན་ཁང་ནས་ཆིབས་ཐོན་སྐབས། ༢༠༡༩།༤།༡༢
བོད་ཀྱི་དབུ་ཁྲིད་༧གོང་ས་མཆོག་ལྡི་ལིའི་(MAX)་སྨན་ཁང་ནས་ཆིབས་ཐོན་སྐབས། ༢༠༡༩།༤།༡༢ (RFA)

0:00 / 0:00

སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་འཕྲོད་བཞེས་བསྐྱར་དུ་མཇུག་སྐྱོང་བརྟག་དཔྱད་གནང་དུས་རྣམ་ཀུན་ལྟར་སྐུ་གཟུགས་གསལ་ཐང་ཡིན་འདུག
བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་འཕྲོད་བཞེས་མཇུག་སྐྱོང་བརྟག་དཔྱད་ཆེད་འདི་ཚེས་༡༥ཞོགས་པར་ལྡི་ལིའི་(Sheraton)་གསོལ་མགྲོན་ཁང་ནས་(Max)་སྨན་ཁང་དུ་ཆིབས་སྒྱུར་བསྐྱངས་ཏེ་སྐར་མ་༡༥་ལྷག་གི་རིང་ལ་མགུལ་གློ་དང་སྐུ་ཁྲག་སོགས་ལ་བརྟག་དཔྱད་གནང་ཡོད་པ་རེད། སྐུ་བཅར་ཕྱི་ལུགས་སྨན་པ་ཚེ་བརྟན་རྡོ་རྗེ་ལགས་དང་བོད་ལུགས་སྐུའི་བླ་སྨན་པ་ཚེ་དབང་རྟ་མགྲིན་གཉིས་ཀྱིས་འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་བརྗོད་དོན། སྐུའི་འཕྲོད་བཞེས་མཇུག་སྐྱོང་བརྟག་དཔྱད་མཇུག་འབྲས་ཧ་ཅང་ཡག་པོ་འདུག མགུལ་་གློའི་ནང་གཉན་ཁ་ཡོད་པ་དེ་མང་ཆེ་བ་སེང་དྲག་ཕྱིན་འདུག སྐུ་གཟུགས་རྣམ་ཀུན་ལྟར་གསལ་ཐང་ཡིན་པ་གསུངས་བྱུང་།
བོད་ལུགས་སྐུའི་བླ་སྨན་པ་ཚེ་དབང་རྟ་མགྲིན་ལགས་ཀྱིས། ༧གོང་ས་མཆོག་གི་སྐུ་ཁམས་མགྱོགས་པོར་དྭངས་སྐྱེས་སུ་ཕྱིན་པས་ཚང་མ་དགའ་ཚོར་སྐྱེས་དགོས་པ་ཞིག་དང་ཚང་མས་བློ་བདེ་བོ་ཐུགས་ཁྲལ་གནང་མི་དགོས་བ་ངོ་སྤྲོད་གནང་ཡོད།
སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་སྐུ་ངལ་གསོ་གནང་རྒྱུ་དེ་གལ་ཆེན་ཡིན་པས་སྨན་ཁང་ནས་དམིགས་གསལ་ཞུས་མེད་ཀྱང་ཉིན་ཤས་རིང་ལྡི་ལིར་སྐུ་ངལ་གསོ་ཆེད་བཞུགས་འཆར་ཡོད་པ་གསུངས་ཡོད་པ་རེད།