ལྷག་བསམ་སྙིང་སྟོབས་ཞུམ་པ་མེད་པར་བསྡད་པ་དེ་བརྟན་བཞུགས་ངོ་མ་ཡིན། ༧གོང་ས་མཆོག་གིས།
2019.09.13
དཀའ་ཚེགས་ཆེ་བའི་སྐབས་བོད་རིགས་ཡིན་པའི་འདུ་ཤེས་ཀྱི་ཐོག་ནས་ལྷག་བསམ་སྙིང་སྟོབས་ཞུམ་པ་མེད་པར་བསྡད་པ་དེ་བརྟན་བཞུགས་ངོ་མ་ཡིན་ཞེས་༧གོང་ས་མཆོག་གིས་བཀའ་སྩལ་འདུག
བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་ཤང་དགའ་ལྡན་ཆོས་འཁོར་གླིང་དང་། སྤྱི་མཐུན་མཉམ་འབྲེལ། ཆུ་བཞི་སྒང་དྲུག སྨར་ཤོད་གོ་འཇོ་མི་དམངས། འབྲུག་ཡུལ་དུ་གནས་སྡོད་བོད་མི། གཞུང་ཞབས་ཟུར་པ་རབ་སྒང་བསོད་ནམས་དཔལ་འབྱོར་བཅས་ནས་བརྟན་བཞུགས་བསྟར་འབུལ་ཆོག་པ་ཇི་ལྟར་གསོལ་བ་བཏབ་པ་བཞིན། སྤྱི་ལོ་༢༠༡༩་ཟླ་ ༩ ་ཚེས་༡༣་ཉིན་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ། རྡོ་རྗེ་སློབ་དཔོན་གྱང་ཁང་སྤྲུལ་སྐུ་རིན་པོ་ཆེ་མཆོག་དབུ་བཞུགས་ཆོས་ལུགས་ཁག་གི་བླ་ཆེན་གཙོ་བོར་བྱས་པའི་དད་ལྡན་རྣམས་ནས་༧གོང་ས་རྒྱལ་བ་ལྔ་པ་ཆེན་པོ་མཆོག་དང་ཐུན་མོང་མ་ཡིན་པའི་འབྲེལ་བ་ཡོད་པ་སྨིན་གླིང་གཏེར་བདག་གླིང་གི་གཏེར་ཆོས་ནང་ནས་ཚེ་སྒྲུབ་ཡོངས་སྙིང་ཀུན་བསྡུས་ཀྱི་ཆོ་གའི་སྒོ་ནས་བརྟན་བཞུགས་བསྟར་འབུལ་ཞུས་གནང་སོང་། སྐབས་དེར་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་བོད་ཀྱི་བསྟན་སྲིད་ཉག་ཕྲ་བའི་དུས་ཚོད་ལ་ངོས་རང་ཚེ་རིང་པོར་མ་བསྡད་ན་ཁྱོན་ནས་འགྲིག་མ་སོང་བསམ་པའི་སེམས་ཤུགས་སྐྱེད་བསྡད་ཀྱི་ཡོད། གཟུགས་པོའི་ཆ་ནས་སྨན་པ་ཚོས་ཡག་པོ་ཞེ་དྲག་ཡོད་པ་གསུངས་ཀྱི་འདུག དེ་བས་ང་རང་གིས་སེམས་ཤུགས་བསྐྱེད་ནས་ལོ་བརྒྱ་ཕྲག་བར་དུ་འཚོ་ཐུབ་པའི་སྨོན་ལམ་རྒྱག་གི་ཡོད་པ་གསུངས་བ་དང་སྦྲགས། ང་རང་ཚོ་དུས་ཚོད་དཀའ་ངལ་ཆེན་པོ་ཞིག་གི་དུས་ལ་སླེབས་ཡོད་ཀྱང་ཕྱོགས་གཅིག་ནས་ང་ཚོ་ལ་བདེན་པ་ཡོད་བ་རེད། གཉིས་ནས་ང་ཚོ་བོད་མི་གཞིས་ལུས་རྒྱ་ཆེའི་མི་དམངས་གཙོ་བོར་གྱུར་བའི་ང་ཚོ་བྱེས་སྡོད་མི་དམངས་དང་། འཛམ་བུ་གླིང་གི་ཕྱོགས་དང་མཚམས་སུ་ཡོད་པ་ཚང་མས། བོད་རིགས་ཡིན་བསམ་པའི་འདུ་ཤེས་ཡོད་པའི་ཐོག་ནས་སོ་སོའི་ཆོས་དང་རིག་གཞུང་ལ་དགའ་ཞེན་དང་། དེས་དྲངས་པའི་ལྷག་བསམ་སྙིང་སྟོབས་ཞུམ་པ་མེད་པར་བསྡད་ཡོད་རེད། བརྟན་བཞུགས་ངོ་མ་དེ་རེད། ཅེས་བཀའ་སྩལ་ཡོད།
ཡང་༧གོང་ས་མཆོག་གིས། བོད་ཀྱི་ཆོས་དང་རིག་གཞུང་འདིས་བོད་མི་ཙམ་དུ་མ་ཟད། འཛམ་གླིང་སྤྱི་ལ་ཕན་ཐོག་ཡོད་པ་ཆགས་ཡོད་སྟབས་བོད་དོན་བདེན་མཐའ་སེལ་རྒྱུ་ལ་བོད་པའི་ཆོས་དང་། རིག་གཞུང་། སྐད་ཡིག་བདག་ཉར་བྱེད་དགོས་པ་དེ་གཙོ་བོ་ཆགས་ཡོད་པ་བཀའ་གནང་བ་དང་། ད་དུང་༧གོང་ས་མཆོག་གིས། བོད་མི་ཚོ་སེམས་ཞུམ་རྒྱུ་མེད་པ་དང་། ཞུམ་པའི་ཕུང་བ་ལས་ཐར་ཐབས་མེད་པ་མགོན་པོ་ཀླུ་སྒྲུབ་ཀྱིས་གསུངས་བ་ལྟར། ང་ཚོར་སྤོབས་པ་ཡོད་པ་ནི། རྒྱུ་མཚན་ལྡན་པ་དེ་ཡང་རྒྱ་མི་གུང་ཁྲན་གྱི་སྟོབས་ཤུགས་ནི་གོ་མཚོན་ནས་ཡོང་བཞིན་པ་དང་། ང་ཚོའི་སྟོབས་ཤུགས་བདེན་པའི་ཐོག་ནས་ཡོང་བཞིན་པ་རེད། རིམ་པས་གོ་མཚོན་ལས་བདེན་པའི་སྟོབས་ཤུགས་ཆེ་བ་ཡོད། དེ་བས་ཚེ་འདི་ལ་མི་ཚེ་དོན་དང་ལྡན་པ་ཞིག་དང་། ང་ཚོའི་མི་རིགས་སྤོབས་པ་བྱ་འོས་པ་ཞིག་བྱེད་དགོས་བ་ལས་བློ་ཞུམ་བསྡད་རྒྱུ་མེད་སྐོར་བཀའ་སྩལ་ཡོད།
བརྟན་བཞུགས་གོ་སྒྲིག་ཚོགས་ཆུང་གི་ངོས་ནས་ད་ཪེས་བརྟན་བཞུགས་བསྟར་འབུལ་ཞུ་རྒྱུའི་གོ་སྐབས་བྱུང་བ་དང་། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་སློབ་ཟབ་མོ་ཕེབས་པ་འདི་ཧ་ལས་པའི་སྐལ་པ་བཟང་པོ་བྱུང་། བརྟན་བཞུགས་ལ་ཕེབས་མཁན་རྣམས་དགའ་སྤྲོ་བྱུང་ཞེས་གོ་སྒྲིག་ཚོགས་ཆུང་གི་ཚོགས་གཙོ་སྤྱི་འཐུས་ཚོགས་གཙོ་ཟུར་བ་མཁན་པོ་བསོད་ནམས་བསྟན་འཕེལ་ལགས་ཀྱིས་གསུང་གནང་སོང་།