བོད་ཀྱི་དབུ་ཁྲིད་༧གོང་ས་མཆོག་བཞུགས་སྒར་ནས་ཉི་ཧོང་དུ་མཛད་འཆར་ཆེད་ཆིབས་ཞལ་བསྒྱུར་ཡོད་འདུག
དེ་ཡང་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་འདས་པའི་བདུན་ཕྲག་གཅིག་ཙམ་རིང་ཐོག་མར་འཕན་པོ་དང་པདྨ་བཀོད་ཀྱི་མི་མང་ཚོས་སྐུ་ཚེ་ཞབས་པར་བརྟན་པའི་བརྟན་བཞུགས་འདེགས་འབུལ་ཞུས་པ་དང་། དེ་ནས་བཞུགས་སྒར་ཉེ་འཁྲིས་པ་ལམ་པུར་ཁུལ་མིག་གི་སྨན་པ་ཚོའི་ལྷན་ཚོགས་ཞིག་ཏུ་དབུ་བཞུགས་བཀའ་སློབ་གནང་བ་སོགས་མཛད་འཕྲིན་ཁག་ཅིག་བསྐྱངས་གནང་བའི་རྗེས་སུ། འདི་ཚེས་༧་གཟའ་ཟླ་བའི་ཉིན་བཞུགས་སྒར་ནས་ཕེབས་ཐོན་གྱིས་ལྡི་ལི་བརྒྱུད་ཉི་ཧོང་དུ་ཆིབས་བསྒྱུར་གནང་རྒྱུ་ཡིན་འདུག
མཛད་འཆར་གཞིར་བཟུང་ལྟར་ན། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཉི་ཧོང་ཁུལ་དུ་ཉིན་གྲངས་བཅོ་བརྒྱུད་ཙམ་གྱི་མཛད་འཆར་ཡོད་འདུག འོན་ཀྱང་དགའ་ལྡན་ཕོ་བྲང་ཡིག་ཚང་གི་དྲ་གནས་ནང་ཕྱི་ཟླ་བཅུ་གཅིག་པའི་ཚེས་བཅུ་བདུན་ཉིན་མང་ཚོགས་ལ་བྱམས་བརྩེ་ནི་བདེ་སྐྱིད་སྐྲུན་ཐབས་ཀྱི་གཞི་རྩ་ཡིན་ཞེས་པའི་བརྗོད་གཞིའི་ཐོག་གསུང་བཤད་གནང་རྒྱུའི་སྐོར་བཀོད་པ་ལས་དེ་མིན་འདི་ཚེས་དགུ་ནས་ཉི་ཤུ་རྩ་དྲུག་བར་གྱི་མཛད་འཆར་གཞན་རྣམས་དམིགས་བསལ་གསལ་བཀོད་གནང་མི་འདུག ཡིན་ནའང་འདི་ཚེས་ཉི་ཤུ་བདུན་ཉིན་ཉི་ཧོང་ནས་ལྡི་ལིར་ཕྱིར་ཆིབས་བསྒྱུར་གནང་རྒྱུ་ཡིན་འདུག
སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་འདི་ཟླའི་ཟླ་མཇུག་ཏུ་རྒྱ་གར་ནང་ཕྱིར་ཕེབས་འགྲུབ་པའི་རྗེས་སུ། ཕྱི་ཟླ་བཅུ་གཉིས་པའི་ནང་རྒྱ་གར་ལྷོ་ཕྱོགས་ཁུལ་མཛད་འཕྲིན་ཁག་ཅིག་བསྐྱངས་གནང་འཆར་ཡོད་པ་དང་། དེ་ནས་འཆར་ལོ་ཕྱི་ལོ་༢༠༡༧་ཕྱི་ཟླ་དང་པོའི་ཚེས་གསུམ་ནས་བཅུ་བཞི་བར་གནས་མཆོག་རྡོ་རྗེ་གདན་དུ་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ཇི་ལྟར་གསོལ་འདེབས་ཞུས་དོན་ལྟར་། དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་ཐེངས་སོ་བཞི་པ་གནང་རྒྱུ་ཡིན་པ་རེད།
གསར་འགོད་པ་རིག་འཛིན་ཆོས་སྒྲོན།
༧གོང་ས་མཆོག་བཞུགས་སྒར་ནས་ཉི་ཧོང་དུ་ཆིབས་ཞལ་བསྒྱུར་གནང་བ།
