༧གོང་ས་མཆོག་གིས་ཉི་ཧོང་ནས་ཚན་རིག་པ་དང་བགྲོ་གླེང་མཛད་འདུག
2018.11.16
༧གོང་ས་མཆོག་གིས་ད་ནི་ཚན་རིག་པས་ནང་གི་བསམ་བློའི་ཐོག་འགྱུར་བ་གཏོང་རྒྱུའི་དུས་ལ་བབས་ཡོད་པ་ཚན་རིག་པ་དང་བགྲོ་གླེང་སྐབས་གསུངས་འདུག
བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཉི་ཧོང་ནང་ཞབས་སོར་འཁོད་ནས་མཛད་འཕྲིན་སྐྱོང་བཞིན་པ་ལྟར། ཕྱི་ཚེས་ ༡༦ ཉིན། ཉི་ཧོང་སྐུ་ཚབ་དོན་ཁང་གི་གོ་སྒྲིག་འོག་དེང་དུས་ཚན་རིག་དང་ནང་པའི་གཞུང་ནས་གསུངས་པའི་ཚན་རིག་དབར་བགྲོ་གླེང་གི་དབུ་མགོན་དུ་ཆིབས་བསྒྱུར་བསྐྱངས་ནས། ཉི་ཧོང་གྱི་དབང་རྩ་དང་དང་སེམས་ཁམས་རིག་པའི་ཚན་རིག་པ། ཐེ་ཝན་གྱི་ཚད་རྡུལ་དངོས་ཁམས་རིག་པའི་ཚན་རིག་པ་སོགས་མཉམ་ཞུགས་གནང་ནས་བགྲོ་གླེང་གནང་ཡོད་པ་རེད།
སྐབས་དེར་གོང་ས་མཆོག་གིས། དུས་རབས ༢༠ མཇུག་དུ་ཚན་རིག་གིས་ཕྱིའི་དངོས་པོ་གཙོ་བོར་བཟུང་ཡོད་པ་རེད། ད་ནི་ཚན་རིག་པས་ནང་གི་བསམ་བློའི་ཐོག་འགྱུར་བ་གཏོང་རྒྱུའི་དུས་ལ་འབབ་ཡོད་སྐོར་གསུངས་འདུག
དུས་རབས་༢༠ པའི་ནང་འཛམ་གླིང་དམག་ཆེན་གཉིས་དང་། ཉི་ཧོང་ནང་རྡུལ་ཕྲན་མཚོན་ཆ་གཉིས་གཡུགས་པ། རྒྱ་ནག་དང་ར་ཤི་ཡའི་ནང་མི་སེར་ནང་འཁྲུག་ཤུགས་ཆེ་བྱུང་བ་སོགས་འཚེ་བའི་ལས་དུ་མ་ཞིག་གི་ཐོག་ནས་མི་གྲངས་ས་ཡ་གཉིས་བརྒྱ་ལྷག་རྐྱེན་འདས་སུ་ཕྱིན་པ་སོགས་དཀའ་སྡུག་ཚད་མེད་ཞིག་མྱང་དགོས་ཆགས་ཡོད་པ་རེད། དུས་རབས་༢༡ འདིར་བསྐྱར་དུ་དེ་ལྟ་བུའི་འཚེ་བ་དང་དྲག་སྤྱོད་ཀྱི་དུས་རབས་ཤིག་མ་ཡོང་བ་བྱ་དགོས་པ་དང་། འཛམ་གླིང་ནང་དཀའ་ངལ་འཕྲད་དུས་ད་དུང་ཡང་མིའི་བསམ་བློའི་ནང་གནད་དོན་དེ་དྲག་ཤུགས་ཀྱི་ལམ་ནས་སེལ་ཐབས་གྱི་བསལ་བློ་ཡོང་བཞིན་པ་དེ་ནི་བསམ་བློ་རྙིང་པ་དུས་ཚོད་ཡོལ་ཟིན་པ་ཞིག་ཡིན་པས། དུས་རབས་༢༡་པ་འདི་ཞི་བདེའི་དུས་རབས་ཞིག་བསྐྲུན་རྒྱུ་གལ་ཆེན་པོ་ཡིན་པ་དང་། ཞི་བདེ་ཞེས་བརྗོད་དུས་ཞི་བདེ་ནི་རང་བཞིན་ཀྱི་ནང་སེམས་ཀྱི་བདེ་བ་དང་འབྲེལ་བ་ཡོད་སྟབས་ཁོང་ཁྲོའི་བློས་ཁེངས་པ་ཞིག་ནས་ཞི་བདེ་ཡོང་ཐབས་མེད་པས་དོན་དང་ལྡན་པའི་ཞི་བདེ་ཞིག་ཡོང་བ་ལ་ཐོག་མར་ནང་སེམས་ཀྱི་ཞི་བདེ་ཡར་རྒྱས་གཏོང་དགོས་པ་དང་། དེ་བཞིན་རྒྱལ་སྤྱིའི་ནང་ནས་དམག་ཤུགས་ཕྱིར་བསྡུ་བྱེད་དགོས་ན་ ཐོག་མར་སེམས་ཚོར་ཀྱི་དམག་ཤུགས་དེ་ཆུང་དུ་གཏོང་དགོས་པ་སོགས་ཀྱི་བཀའ་སློབ་བསྩལ་གནང་འདུག
གསར་འགོད་པ་ཚེ་དབང་དངོས་གྲུབ།