འགྲོ་བ་མིའི་རིགས་ཚང་པ་མཐུན་སྒྲིལ་བྱ་གལ་ཆེ། ༧གོང་ས་མཆོག་གིས།

བོད་ཀྱི་དབུ་ཁྲིད་༧གོང་ས་མཆོག། ༢༠༡༨།༥
བོད་ཀྱི་དབུ་ཁྲིད་༧གོང་ས་མཆོག། ༢༠༡༨།༥ (OHHDL)

0:00 / 0:00

བོད་མིའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་གྱི་གཞི་རིམ་སློབ་གྲྭའི་སློབ་མ་ཁག་གཅིག་ལ་མཇལ་ཁ་སྕལ་གནང་པ་དང་སྦྲགས་འགྲོ་བ་མིའི་རིགས་ཚང་པ་མཐུན་སྒྲིལ་བྱ་གལ་ཆེ་བའི་སྐོར་བཀའ་སློབ་གནང་འདུག
དེ་ཡང་ཕྱི་ཚེས་༢༦ཉིན་བཞུགས་སྒར་ཕོ་བྲང་གཟིམ་ཆུང་དུ། རྒྱ་གར་གྱི་གཞི་རིམ་སློབ་གྲྭ་ཁག་གི་སློབ་ཕྲུག་ཕོ་མོ་གྲངས་༧༠སྐོར་ཞིག་ལ་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་དམིགས་བསལ་མཇལ་ཁ་དང་བཀའ་སློབ་སྩོལ་གནང་མཛད་སྐབས། ༧གོང་ས་མཆོག་གིས། འགྲོ་བ་མིའི་རིགས་ཚང་མ་ཕན་ཚུན་དབང་ཡོད་དང་ཐུབ་ཚོད་གཏོང་རེས་མ་ཡིན་པར་འཆམ་མཐུན་དང་མཐུན་འབྲེལ་ལྡན་པའི་ཐོག་གཅིག་ཕན་གཅིག་གྲོགས་བྱེད་དགོས་པ་དེ་ཤིན་ཏུ་གལ་ཆེ་ཡིན་ཞིང་། དེ་ལྟར་འབྱུང་བར་ཤེས་ཡོན་སློབ་གསོ་འདི་གནད་འགག་ཤིན་ཏུ་ཆེན་པོ་ཡིན་པ་བཀའ་གནང་འདུག
ད་དུང་རྒྱ་གར་ཐེ་བས་འཛམ་གླིང་ཡུལ་གྲུ་མང་པོའི་དེང་དུས་ཀྱི་ཤེས་ཡོན་སློབ་གསོའི་ནང་ ཕྱི་དངོས་པོའི་རིན་ཐང་ལ་གདེངས་འཇོག་ཆེ་བ་བྱེད་པ་ལས་ནང་སེམས་ཀྱི་རིན་ཐང་ལ་དེ་ཙམ་གྱི་བརྩི་མཐོང་མེད་པར་བརྟེན་དེ་ལྟ་བུའི་ཤེས་ཡོན་སློབ་གསོའི་བརྒྱུད་རིམ་ནང་འཚར་ལོངས་བྱེད་པའི་མི་རབས་ཆ་ཚང་ཞིག་ཕྱི་དངོས་པོར་རྒྱུ་རྔམ་ཅན་གྱི་མི་ཐོག་ཞིག་ཏུ་འགྱུར་རྒྱུའི་ཉེན་ཚབས་དྲན་སྐུལ་གནང་འདུག ལྷག་པར་དུ་༧གོང་ས་མཆོག་གིས། རྒྱ་གར་འཕགས་པའི་ཡུལ་འདི་ལོ་རྒྱུས་ཀྱི་ཐོག་ནས་ནང་ཆོས་མ་དར་སྔོན་ནས་རིག་གནས་ལ་དཔལ་ཡོན་ཕྱུག་པའི་རྒྱལ་ཁབ་ཞིག་ཡིན་པ་མ་ཟད། དཔལ་ན་ལན་ཊའི་པན་གྲུབ་མཁས་པ་ཚོའི་རིག་ལམ་གྱི་དཔྱད་པའི་ཐོག་ནས་དར་སྤེལ་བྱུང་བའ་ནང་ཆོས་ཀྱི་ལྟ་གྲུབ་འདི་ནུབ་ཕྱོགས་པའི་ཚན་རིག་པ་ཚོས་ཀྱང་རྒྱུ་མཚན་དང་ལྡན་པའི་རིག་པའི་གཞུང་ལུགས་དང་ལྟ་གྲུབ་ཞིག་ལ་ངོས་འཛིན་བྱེད་ཡོད་པ་རེད། འདི་ལྟ་བུའི་ནང་ཆོས་ཀྱི་ལྟ་གྲུབ་དང་སྲོལ་རྒྱུན་གྱི་རིག་གནས་ནི་རྒྱ་གར་ནས་བྱུང་བ་ཞིག་ཡིན་པར་བརྟེན་དེང་རབས་ཀྱི་རྒྱ་གར་སྤྱི་ཚོགས་ནང་སྲོལ་རྒྱུན་གྱི་རིག་གནས་དང་གོམས་སྲོལ་དེ་ལྟར་སླར་གསོ་དང་བདག་གཅེས་སྲུང་སྐྱོབས་བྱ་གལ་ཆེ་བའི་སྐོར་བཀའ་སྩལ་གནང་འདུག

གསར་འགོད་པ་དོན་གྲུབ་རྣམ་རྒྱལ།