༸གོང་ས་མཆོག་གིས་རྒྱལ་སྤྱིའི་དགེ་འདུན་པའི་གླེང་སྟེགས་དབུ་འབྱེད་མཛད་པ།

2023.12.20
༸གོང་ས་མཆོག་གིས་རྒྱལ་སྤྱིའི་དགེ་འདུན་པའི་གླེང་སྟེགས་དབུ་འབྱེད་མཛད་པ། ༸གོང་ས་མཆོག་གིས་རྒྱལ་སྤྱིའི་དགེ་འདུན་པའི་གླེང་སྟེགས་སུ་བཀའ་སློབ་སྩལ་བའི་སྐབས། ༢༠༢༣།༡༢།༢༠ ཉིན།
OHHDL

ཕྱི་ལོ་ ༢༠༢༣ ཟླ་བ་ ༡༢ ཚེས་ ༢༠ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་གནས་མཆོག་རྡོ་རྗེ་གདན་གྱི་མཱ་ཧ་བྷོ་དྷི་རིག་གཞུང་བསྟི་གནས་ཁང་དུ་ཉིན་བཞིའི་ཪིང་། རྒྱལ་སྤྱིའི་དགེ་འདུན་པའི་གླེང་སྟེགས་ཐེངས་དང་པོའི་དབུ་འབྱེད་མཛད་སྒོར་ཆིབས་སྒྱུར་བཀའ་དྲིན་བསྐྱངས་ཏེ། རྒྱལ་སྤྱིའི་དགེ་འདུན་པའི་གླེང་སྟེགས་དབུ་འབྱེད་མཛད་ཅིང་། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་བྱང་ཆུབ་ཀྱི་སེམས་དང་སྟོང་ཉིད་ཀྱི་ལྟ་བའི་གནད་རྣམས་གཞན་ལ་བཀའ་གནང་བཞིན་པ་ལྟར། མགོན་པོ་གང་ཉིད་ནས་སོ་སོས་ཉམས་སུ་ལེན་བཞིན་ཡོད་པའི་སྐོར་བཀའ་བསྩལ་གནང་སོང་།

གཞན་ཡང་༸གོང་ས་༸སྐྱབས་མགོན་ཆེན་མཆོག་ནས་རབ་ཏུ་བྱུང་བ་རྣམས་ཀྱིས་རྟགས་ཆ་ལུགས་བརྗེས་པ་ཙམ་གྱིས་མི་ཆོག་པར། གཙོ་ཆེ་ཤོས་སོ་སོའི་བསམ་བློ་ལ་འགྱུར་བ་གཏོང་དགོས་པའི་ལམ་སྟོན་ཀྱང་ཕེབས་གནང་གི་འདུག

མཛད་སྒོའི་ཐོག་ནང་པའི་རྒྱལ་ཁབ་འདྲ་མིན་ཁག་གི་བླ་ཆེན་དབུ་ཁྲིད་དང་འཐུས་མི་རྣམ་པ་ལྷན་བཞུགས་གནང་བའི་སྟེང་། ཤྲི་ལངྐ་སམ་དགེ་འདུན་པ་ཚོགས་པའི་ཡན་ལག་ཨ་ས་གྷི་རི་ཡའི་གནས་བརྟན་བགྲེས་སོང་འབུམ་རམས་པ་ཝ་ར་ཀ་གྷོ་ཌ་ཛྷ་ན་ར་ཐི་ལགས་ཀྱིས་གསུང་བཤད་གནང་བའི་ནང་། འདི་ལྟ་བུའི་རྒྱལ་སྤྱིའི་ནང་པའི་དགེ་འདུན་པའི་ལྷན་ཚོགས་ནང་། ཐེག་པ་ཆེ་ཆུང་སྔགས་དང་བཅས་པའི་ཆོས་ཉམས་ལེན་བྱེད་མཁན་གྱི་དགེ་འདུན་པ་ལྷན་འཛོམས་གནང་བའི་དམིགས་ཡུལ་གཙོ་བོ་ནི། ནང་ཆོས་དར་སྤེལ་གྱིས་འཛམ་གླིང་ཞི་བདེ་བསྐྲུན་རྒྱུ་དེ་ཡིན་པ་སོགས་གསུང་བཤད་གནང་ཡོད་པ་རེད། དེ་མཚུངས་རྒྱལ་ཁབ་འདྲ་མིན་གྱི་ནང་པའི་སྡེ་ཁག་གི་སྐུ་ཚབ་བླ་ཆེན་མཁས་དབང་རྣམ་པས་གསུང་བཤད་དང་། ཡང་རྒྱ་གར་ཨ་རུ་ན་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་པདྨ་མ་མཁའ་འགྲོ་ལགས་ཀྱིས་ཀྱང་གསུང་བཤད་གནང་བའི་ནང་། འཛམ་གླིང་རྒྱལ་ཁབ་འདྲ་མིན་ནས་ནང་པའི་མཁས་དབང་ལྷན་འཛོམས་ཀྱིས་ཕན་ཚུན་མཉམ་ལས་གནང་སྟེ། ནང་ཆོས་ཀྱི་རིན་ཐང་དང་འཚེ་བ་མེད་པའི་ལྟ་གྲུབ། ཆོས་ལུགས་མཐུན་སྒྲིལ་གྱི་ཐོག་རྒྱལ་མཚམས་ལས་བརྒལ་ཏེ་ལས་འགུལ་སྤེལ་ཐུབ་པའི་རེ་བ་ཞུ་བཞིན་ཡོད་ཅེས་གསུང་གནང་སོང་།

2023-12-20Bodhgaya-G-06_SR59164.jpg

ལྷན་ཚོགས་དེའི་སྟེང་ཤྲི་ལངྐ་དང་བོད་ཀྱི་ནང་པའི་སྤུན་གྲོགས་ཚོགས་པའི་ཚོགས་གཙོ་ Damenda Porage ལགས་ཀྱིས། ལྷན་ཚོགས་དེ་དང་འབྲེལ་༸གོང་ས་མཆོག་གི་དགོངས་བཞེད་སྐོར་འདི་ག་རླུང་འཕྲིན་ཁང་ལ་ངོ་སྤྲོད་གནང་རྒྱུར། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་འགྲོ་བ་ཡོངས་ཀྱི་ཆེད་ཐུགས་བསྐྱེད་དམ་བཅའ་དང་འབྲེལ་ནས། གང་ཉིད་ཀྱི་རླབས་ཆེན་མཛད་པ་ལ་བརྟེན་ཏེ་འདི་ལྟ་བུའི་དགེ་འདུན་ལྷན་འཛོམས་གནང་ཐུབ་པ་ཞིག་ཡིན་པ་སོགས། ༸གོང་ས་མཆོག་གི་མཛད་འཕྲིན་ལ་ཆེ་བསྟོད་རྒྱ་ཆེ་གནང་གི་འདུག

རྒྱལ་སྤྱིའི་དགེ་འདུན་པའི་གླེང་སྟེགས་ཐེངས་དང་པོ་དེ་ནི། དཔལ་ལྡན་དགའ་ལྡན་ཕོ་བྲང་ཡིག་ཚང་དང་རྒྱལ་སྤྱིའི་ནང་པའི་ལྷན་ཚོགས། དེ་བཞིན་སིང་ག་པོར་བོད་ཀྱི་རིག་གཞུང་ཚོགས་པ་གཙོས་པའི་རྒྱལ་ཁབ་འདྲ་མིན་ཁག་གི་ནང་པའི་ཚོགས་སྡེ་ཁག་ཐུན་མོང་གིས་གོ་སྒྲིག་གནང་སྟེ། སྤྱི་ནོར་༸གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་བསྐྱེད་དམ་བཅའ་བཞིའི་ཡ་གྱལ་ཏེ། ནང་བའི་ཆོས་ཀྱི་རྗེས་འཇུག་པ་ཕན་ཚུན་དབར་མཐུན་སྒྲིལ་གོང་མཐོར་གཏོང་ཐབས་དང་འབྲེལ། རྒྱལ་སྤྱིའི་ནང་པའི་དགེ་འདུན་པའི་གླེང་སྟེགས་འཚོགས་གནང་བ་ཞིག་ཡིན་འདུག 

ད་ལན་ཉིན་བཞིའི་ལྷན་ཚོགས་ཀྱི་ནང་འཛམ་གླིང་རྒྱལ་ཁབ་འདྲ་མིན་ཁག་ ༣༣ ནས་མཁས་དབང་དང་གྲྭ་བཙུན་སོགས་མི་གྲངས་ ༢༠༠༠ བརྒལ་བ་ཞིག་ལྷན་ཞུགས་གནང་འདུག་ཅིང་། ཉིན་བཞིའི་ལྷན་ཚོགས་ཀྱི་བརྗོད་གཞི་ནི་འདུལ་བའི་ཁྲིམས་དང་དུས་རབས་ཉེར་གཅིག་པའི་ནང་པའི་འགན་འཁྲི། རྟེན་འབྲེལ་གྱི་འབྲེལ་བ་དང་བྱང་ཕྱོགས་སོ་བདུན། ཚད་མེད་བཞི་ལ་སོགས་ཐེག་པ་ཐུན་མོང་གི་གནད་དོན་ཁག་ཅིག་གི་ཐོག་བགྲོ་གླེང་གནང་གི་ཡོད་པ་རེད།  གཞི་རྩའི་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་གཞི་ལྟར་ནང་པ་སངས་རྒྱས་པའི་ལེགས་སྦྱར་གྱི་ཆོས་རྒྱུད་འཛིན་པ་དང་། པཱ་ལིའི་ཆོས་རྒྱུད་འཛིན་པའི་ནང་པའི་རྗེས་འཇུག་གི་དབར་ཕན་ཚུན་མཐུན་ལམ་གོང་མཐོར་གཏོང་ཐབས་སུ། དགའ་ལྡན་ཕོ་བྲང་གི་ལྷོ་ཤར་ཨེ་ཤེ་ཡ་འབྲེལ་མཐུད་ཁང་ནས་ཐོག་མར་ཕྱི་ལོ་ ༢༠༡༨ ནས་ ༢༠༡༩ བར། ཆོས་རྒྱུད་གཉིས་ཀྱི་དགེ་འདུན་པའི་ཤེས་ཡོན་བརྗེ་ལེན་གྱི་ལས་གཞི་སྤེལ་བ་དང་། དེ་རྗེས་ཕྱི་ལོ་ ༢༠༢༡ ལོར་རྒྱལ་སྤྱིའི་ནང་པའི་བགྲོ་གླེང་ཐེངས་དང་པོ་གནང་ཞིང་། ཕྱི་ལོ་ ༢༠༢༢ ལོའི་ལོ་མཇུག་ཏུ་ཆོས་རྒྱུད་གཉིས་ཀྱི་དགེ་འདུན་པའི་དབར་ཤེས་ཡོན་བརྗེ་ལེན་གྱི་ལོ་ལྔའི་ལས་གཞི་དབུ་ཚུགས་གནང་སྟེ་ཕྱི་ལོ་ ༢༠༢༣ ལོར་སྔ་རྗེས་རྒྱལ་ཁབ་ཁག་གསུམ་གྱི་ནང་ཤེས་ཡོན་བརྗེ་ལེན་གྱི་ལས་རིམ་ཐེངས་གསུམ་སྤེལ་མུས་ཀྱིས། ད་ལན་ལྷན་ཚོགས་འདི་འཚོགས་པ་བརྒྱུད་ལས་གཞི་ཐེངས་གཉིས་པ་སྤེལ་རྒྱུ་དང་། དེར་ནང་པའི་ཆོས་རྒྱུད་གཉིས་ཀྱི་དགེ་སློང་ ༥༠ ལྷན་ཞུགས་གནང་རྒྱུ་ཡིན་པ་རེད།

གསར་འགོད་པ། པདྨ་དངོས་གྲུབ།  
རྩོམ་སྒྲིག་པ།  ཡེ་ཤེས་ཟླ་བ། 
དྲྭ་ཐོག་སྤེལ་མཁན། ཡེ་ཤེས་ཟླ་བ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་ནང་གི་རྫ་སྟོད་རྫོང་གི་ས་འགུལ་ཁྲོད་མི་རྒྱུ་གཉིས་ལ་གནོད་སྐྱོན་བྱུང་མེད་སྐོར། བོད་ནང་གི་བོད་མིས་འགྲེལ་བརྗོད་གནང་གི་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎