༧གོང་ས་མཆོག་གིས་ནང་པའི་ལྷན་ཚོཊ་དབུ་འབྱེད་གནང་འདུག
2017.03.17

སྤྱི་ནོར་༧གོང་ས་མཆོག་གིས་རྒྱ་གར་གྱི་ནཱ་ལེནྡྲའི་རྒྱལ་སྤྱིའི་ནང་པའི་ལྷན་ཚོགས་དབུ་འབྱེད་དང་བཀའ་སློབ་གནང་འདུག
འདི་ཚེས་༡༧་ཉིན། སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱལ་པོའི་ཁབ་བམ་Rajgir་དུ་ཉིན་གསུམ་རིང་སྐོང་འཚོགས་གནང་པའི་རྒྱལ་སྤྱིའི་ནང་པའི་ལྷན་ཚོགས་དབུ་འབྱེད་གནང་ཡོད་པ་དང་། ནང་ཆོས་དང་དུས་རབས་ཉི་ཤུ་རྩ་གཅིག་པའི་སྐབས་དོན་གྱི་འབྲེལ་བ་ཞེས་པའི་རྒྱལ་སྤྱིའི་ནང་པའི་དབུ་ཁྲིད་དང་སྐུ་ཚབ་ཁག་གི་ཚོགས་ཆེན་འདི་བཞིན་རྒྱ་གར་དབུས་རིག་གཞུང་ལྷན་ཁང་དང་། (Nava Nalanda Mahavihara)ཆོས་ཚོགས་གཉིས་བཟུང་འབྲེལ་ཐོག་ནས་གོ་སྒྲིག་གནང་བ་ཞིག་ཡིན་ཞིང་། ཚོགས་འདུའི་དབུ་འབྱེད་སྐབས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས། དུས་རབས་ཉི་ཤུ་རྩ་གཅིག་པ་འདིའི་ནང་། ནང་པ་ཚོས་དད་པ་རྐྱང་པར་བརྟེན་པ་མིན་པར། སངས་རྒྱས་ཀྱི་གསུངས་པའི་གནས་ལུགས་ཁག་ལེགས་པར་ཤེས་ནས་དད་པ་ཐོབ་པ་ཞིག་དགོས་གལ་ཆེ་བའི་སྐོར་བཀའ་གནང་པ་དང་། ལྷག་པར་དུ་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས། སངས་རྒྱས་ཀྱི་གསུངས་པའི་ནང་སེམས་ཀྱི་གནས་ལུགས་དང་སྡུག་བསྔལ་སེལ་ཐབས་སྐོར་གསུངས་པ་དེ་དག་ནི་འཛམ་གླིང་ནང་གི་དཀའ་ངལ་སེལ་ཐབས་སུ་ཁ་ཡོད་ལག་ཡོད་ཀྱི་ཕན་ཐོག་ཡོད་པ་ཞིག་ཡིན་པ་གསུངས་ཤིང་། ནང་ཆོས་ནས་གསུངས་པའི་སེམས་ཁམས་ཀྱི་རྣམ་བཞག་འདི་དག་ནི་འཛམ་གླིང་གི་ཁྱད་ནོར་ཞིག་ཡིན་པ་བཀའ་གནང་ཡོད་པ་རེད།
ལྷན་ཚོགས་དེའི་རྒྱ་གར་དབུས་གཞུང་གི་ནང་སྲིད་བློན་ཆེན་ལ་སོགས་པ་གནད་དོན་ཡོད་དཔོན་རིགས་ཁག་དང་། དེ་བཞིན་སིངྒ་པུར་དང་། ཤི་རི་ལངྐ། ཐེ་ཝན། བལ་ཡུལ། ཀམ་བྷོ་དྲི་ཡ། མ་ལེ་ཤི་ཡ། ཨིན་དྲོ་ནེ་ཤི་ཡ། ཧོང་ཀོང་། ཇར་མ་ནི། ཐཡི་ལེནྜ། བངྒ་ལ་དེ་ཤི་སོགས་འཛམ་གླིང་གི་རྒྱལ་ཁབ་༣༥་ནས་འཐུས་མི་༢༠༠་ཙམ་ཞིག་ཕེབས་ཡོད་ལ། དབུས་བོད་མིའི་སྒྲིག་འཛུགས་ཀྱི་ཆོས་རིགས་བཀའ་བློན་གཡུ་ཐོག་ཀརྨ་དགེ་ལེགས་ལགས་ཀྱང་ཆེད་ཕེབས་གནང་འདུག
དེ་བཞིན་དཔལ་རྒྱལ་བ་ཀརྨ་པ་ཨོ་རྒྱན་འཕྲིན་ལས་རྡོ་རྗེ་མཆོག་དང་། ཤར་བྱང་གི་ཆོས་རྗེ་རྣམ་གཉིས་ལ་སོགས་པ་བོད་བརྒྱུད་ནང་བསྟན་གྱི་བསྟན་བདག་བླ་ཆེན་དང་སྐུ་ཚབ་མང་པོ་ཀྱང་ཆེད་ཕེབས་གནང་ཡོད་འདུག
གོང་ཞུས་ལྷན་ཚོགས་གོ་སྒྲིག་གནང་མཁན་(Nava Nalanda Mahavihara)ཆོས་ཚོགས་ཀྱི་གསར་འགོད་འབྲེལ་མཐུད་པ་Srikant Singh གིས་གསུངས་ན། རྒྱ་གར་ནང་ནང་པའི་ལྷན་ཚོགས་གཞི་རྒྱ་ཆེན་པོ་དེ་ཙམ་གོ་སྒྲིག་ཞུས་པ་ད་རེས་ཐོག་མ་དེ་ཡིན་པ་དང་། ཉིན་གསུམ་གྱི་ལྷན་ཚོགས་སར་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་ཀྱི་གསུང་པའི་དམ་པའི་ཆོས་དང་ནང་ཆོས་ཀྱི་གཞུང་ལུགས་སྐོར་མཁས་པའི་བགྲོ་གླེང་གི་ཚོགས་དུས་འགའ་ཤས་གནང་རྒྱུ་ཡིན་སྐོར་གསུངས་འདུག
གོང་ཞུས་ལྷན་ཚོགས་དེའི་ཐོག་པ་ལིའི་ནང་ཡོད་པའི་སངས་རྒྱས་ཀྱི་གསུངས་པའི་མདོ་སྡེ་སྣོད་གསུམ་ལོ་ལྔ་བཅུའི་རྗེས་གཞི་ནས་(Devanagri)ནང་ཕབ་བསྒྱུར་ཞུས་པའི་ཕྱག་དཔེ་བམ་པོ་༤༡ ཡོད་པ་དེ་དག་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་དབུ་འབྱེད་འགྲེམས་སྤེལ་གནང་རྒྱུ་ཡིན་སྐོར་ཡང་གསུངས་འདུག
རྒྱལ་སྤྱིའི་ནང་པའི་ལྷན་ཚོགས་གནང་ཡུལ་Rajgir་རམ་བོད་སྐད་དུ་རྒྱལ་པོའི་ཁབ་ཞེས་པ་དེ་ནི། ཐུབ་པ་སངས་རྒྱས་བཅོམ་ལྡན་འདས་ཀྱི་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པའི་མདོ་གསུངས་ཡུལ་བྱ་རྒོད་ཕུང་པོ་རི་ཆགས་ཡུལ་གྱི་གནས་དེ་ཡིན་པ་རེད།
གསར་འགོད་པ་རིག་ལྡན་སྒྲོལ་མ།