༧གོང་ས་མཆོག་གིས་ནེའུ་ཡོག་ནས་བོད་མི་ཚོར་བཀའ་སློབ་གནང་འདུག
2014.11.05
༧གོང་ས་མཆོག་གིས་བྱང་ཨ་རི་ཁུལ་གྱི་མཛད་འཕྲིན་ཉིན་མཐའ་མར་བོད་མི་གཙོས་མི་གྲངས་ལྔ་སྟོང་ཙམ་ལ་མཇལ་ཁ་དང་བཀའ་སློབ་གནང་འདུག
དེ་ཡང་ཚེས་༥ཉིན་བོད་ཀྱི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཨ་མི་རི་ཀའི་གྲོང་ཁྱེར་ནེའུ་ཡོག་ལ་ཡོད་པའི་ Javits Centerཞེས་བའི་ཚོགས་ཁང་ཆེན་མོའི་ནང་བོད་མི་གཙོས་རྒྱ་བལ་འབྲུག་གསུམ་གྱི་དད་ལྡན་པ་མི་གྲངས་༥༠༠༠ཙམ་ལ་མཇལ་ཁ་དང་། ཆུ་ཚོད་གཅིག་དང་ཕྱེད་ཀ་ཙམ་གྱི་རིང་སྐུ་བཞེངས་གནང་ནས་བླང་དོར་བཀའ་སློབ་གནང་ཡོད་པ་རེད། སྐབས་དེར་༧གོང་ས་མཆོག་གིས། བོད་མི་ཚོ་ཐོག་མར་ཨ་མི་རི་ཀར་ཁྲིམས་འགལ་དང་། ཁྲིམས་མཐུན། འགྲོ་སོང་མང་པོ་བཏང་བ་སོགས་གང་ལྟར་འབྱོར་བ་ཡིན་ན་ཡང་འདིར་སླེབས་དུས་བོད་མིའི་ངོ་བོ་མ་བརླག་པ་དང་། བོད་མིའི་སྤྱི་བའི་སེམས་ཤུགས་མ་ཉམས་པ་བྱེད་དགོས་པ་དང་། ལྷག་པར་མི་རབས་གསར་བ་ཕྲུ་གུ་ཚོ་བོད་མི་འཁྲུལ་མེད་གཅིག་ཡོང་ཐབས་ལ་བསྐྱེད་བསྲིངས་འབད་བརྩོན་བྱེད་དགོས་བ་གསུངས་ཡོད། དེ་བཞིན་༧གོང་ས་མཆོག་གིས་ཡ་རབས་བཟང་སྤྱོད་ཀྱི་སྐོར་དང་། སྐྱབས་འགྲོ་སེམས་བསྐྱེད་སྐོར། ཆོས་སྐྱོང་བསྟེན་ཕྱོགས་ཀྱི་གནད་དོན་དེ་ཆོས་དད་རང་དབང་དང་འབྲེལ་བ་མེད་སྐོར། ད་དུང་སྐུ་ཉིད་ཀྱིས་ཆབ་སྲིད་འགན་དབང་མི་མང་གིས་འདེམས་བསྐོ་བྱུང་བའི་སྲིད་སྐྱོང་ལ་རྩིས་སྤྲོད་བྱས་བའི་གནས་སྟངས་སྐོར་གསུངས་སྐབས། བོད་གངས་ཅན་ལྗོངས་དེ་གངས་ཅན་པ་ས་ཡ་དྲུག་ལ་བདག་ཡོད་པ་མ་གཏོགས་བླ་ཆེན་དང་དཔོན་ཆེན་རིགས་ལ་བདག་མེད་པ་རེད། དེར་བརྟེན་མི་མང་གིས་རང་གི་ལུང་བ་དབང་བསྒྱུར་བར་དམངས་གཙོའི་ལམ་སྲོལ་ཡག་ཤོས་ཡིན་པས། ད་ལྟ་ང་ཚོ་མང་གཙོ་ལམ་ལ་བསྐྱོད་བཞིན་པ་ནི་ང་ཚོའི་བོད་ཀྱི་ལོ་རྒྱུས་ནང་བཀོད་ཆོག་པ་དང་ངོམ་ཆོག་པ་ཞིག་བྱུང་ཡོད། ང་རང་སྒེར་གྱི་ངོས་ནས་རྒྱལ་བ་སྐུ་ཕྲེང་བཅུ་བཞི་པ་རྒན་གཡོལ་ཕྱིན་པ་ཙམ་དུ་མ་ཟད། རྒྱལ་དབང་ལྔ་བའི་སྐབས་ནས་ཡོད་པའི་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་གནང་བའི་ལམ་ལུགས་མཇུག་རྫོགས་པ་ཡིན། ད་ཕྱིན་ཆད་རྒྱལ་བ་སྐུ་ཕྲེང་བཅོ་ལྔ་བ་ཡོང་དང་མི་ཡོང་ཐེ་ཚོམ་རེད། གལ་སྲིད་ཡོང་བ་ཡིན་ཡང་ཆབ་སྲིད་ཀྱི་དབང་ཆ་གང་ཡང་བྱེད་རྒྱུ་མེད་པ་གཙང་མ་བཟོས་བ་ཡིན་ཞེས་གསུངས་ཡོད། དེ་བཞིན་༧གོང་ས་མཆོག་གིས། ང་ཚོའི་བོད་མི་ཐུན་མོང་གི་འགན་ནི་བོད་སྤྱི་བའི་དོན་དག་ཡིན་པ་དང་། དེ་ཡང་ཆོས་དང་རིག་གཞུང་བདག་པོ་རྒྱག་རྒྱུ་དེ་རེད། བོད་ནང་གི་བོད་མི་ཚོའི་སྙིང་སྟོབས་སེམས་ཤུགས་ལ་དམིགས་དཔེར་བལྟོས་ནས་བོད་མི་ཚོ་མཐུན་ལམ་ལྡོག་རྩ་གཅིག་སྒྲིལ་གྱིས་ཧུར་ཐག་བྱེད་དགོས་པ་སོགས་བཀའ་སློབ་གནང་ཡོད་པ་དང་། འདི་ནི་༧གོང་ས་མཆོག་གི་བྱང་ཨ་རིའི་ཁུལ་གྱི་མཛད་འཕྲིན་ཉིན་མཐའ་མ་དེ་ཡིན་པ་དང་གོ་སྒྲིག་བྱེད་མཁན་གཙོ་བོ་ནེའུ་ཡོག་དང་ནེའུ་ཇེར་ཛེ་བོད་རིགས་སྤྱི་མཐུན་ཚོགས་པ་ཡིན་འདུག
གསར་འགོད་པ་ཀླུ་འབུམ།