༧གོང་ས་མཆོག་གིས་ཨ་རིའི་གྲོས་ཚོགས་གོང་འོག་ལ་གསུངས་བ།


2016.06.15
༧གོང་ས་མཆོག་ལ་ཨ་རིའི་གྲོས་ཚོགས་གོང་འོག་གི་གསོལ་སྟོན་སྐབས། ༢༠༡༦།༦།༡༤ ༧གོང་ས་མཆོག་ལ་ཨ་རིའི་གྲོས་ཚོགས་གོང་འོག་གི་གསོལ་སྟོན་སྐབས། ༢༠༡༦།༦།༡༤
Sonam Zoksang

༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཨ་རིའི་གྲོས་ཚོགས་གོང་འོག་གཉིས་ཀྱི་འཐུས་མི་ཚོར་བོད་དོན་དང་འབྲེལ་བའི་བཀའ་སློབ་གཟབ་རྒྱས་གནང་བ།
བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས། ཕྱི་ཚེས་༡༤་ཉིན་གྱི་སྔ་དྲོར་ཨ་རིའི་གྲོས་ཚོགས་གོང་འོག་གཉིས་ཀྱི་འཐུས་མི་རྣམས་མཇལ་འཕྲད་གནང་སྐབས་བོད་དོན་དང་འབྲེལ་བའི་བཀའ་སློབ་གཟབ་རྒྱས་གནང་བ་དང་། ཕྱི་དྲོ་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་ནང་མཛད་འཕྲིན་བསྐྱངས་གནང་མཛད་འདུག
༧གོང་ས་མཆོག་ཕྱི་ཚེས་༡༤་ཉིན་ཐོག་མར་ཨ་རིའི་གྲོས་ཚོགས་གོང་མའི་ཚོགས་ཁང་ལ་ཆིབས་བསྒྱུར་བསྐྱངས་སྐབས་ཨ་རིའི་གྲོས་ཚོགས་འོག་མའི་མང་གཙོ་ཚོགས་པའི་ཚོགས་གཙོ་ལྕམ་ནེན་སི་པེ་ལོ་སི་མཆོག་དང་། གྲོས་ཚོགས་གོང་མའི་འཐུས་མི་པེ་ཀྲིག་ལེ་ཧི་རྣམ་གཉིས་ནས་ཕེབས་བསུ་གཟབ་རྒྱས་ཞུས་འདུག
དེ་ནས་༧གོང་ས་མཆོག་ལྕམ་ནན་སི་པེ་ལོ་སི་མཆོག་གི་ལས་ཁུངས་ལ་ཆིབས་བསྒྱུར་བསྐྱངས་པ་དང་དེའི་རྗེས་སུ་ཨ་རིའི་གྲོས་ཚོགས་གོང་འོག་གི་འཐུས་མི་རྣམས་དང་མཇལ་འཕྲད་གནང་སྐབས་བཀའ་སློབ་སྩལ་དོན། ཨ་རིའི་གྲོས་ཚོགས་ནས་ང་ཚོའི་འཐབ་རྩོད་ལ་རྒྱབ་སྐྱོར་ཤུགས་ཆེ་གནང་ཡོད། ང་ཚོས་ཁ་བྲལ་གྱིས་རང་བཙན་རྩོད་ཀྱི་མེད། གང་ཡིན་ཞེ་ན། ང་ཚོ་རྒྱ་རིགས་སྤུན་ཟླ་ཕོ་མོ་རྣམས་དང་གདོང་ཐུག་བྱེད་འདོད་མེད། འོན་ཀྱང་རྒྱ་ནག་གི་ཡིག་ཆའི་ནང་གསལ་ལྟར། དུས་རབས་༩་སྐབས་བོད་རྒྱ་ཧོར་གསུམ་རང་བཙན་གཙང་མའི་རྒྱལ་ཁབ་ཡིན་པ་མ་ཟད། སྟོབས་འབྱོར་མངའ་ཐང་ཧ་ཅང་ཆེན་པོ་རྒྱས་པ་འཁོད་ཡོད། ད་ལྟ་ང་ཚོས་རྩོད་བཞིན་པ་འདི་ནི་ཕན་ཚུན་གཉིས་ཕན་ཞིག་ཡིན། བོད་དང་རྒྱ་ནག་ནང་དཔལ་ན་ལེནཌའི་སྲོལ་རྒྱུན་གྱི་ནང་ཆོས་དར་སྤེལ་བྱུང་བ་གཅིག་མཚུངས་ཡིན། འོན་ཀྱང་བོད་ནང་དར་སྤེལ་བྱུང་བ་དེ་ཆ་ཚང་བ་ཞིག་ཡིན་སྟབས་གཅེས་འཛིན་བྱེད་འོས་པ་ཞིག་རེད། བོད་མཐོ་སྒང་གི་ཁོར་ཡུག་གནས་སྟངས་ལའང་ང་ཚོར་སེམས་འཚབ་ཧ་ཅང་ཆེན་པོ་འདུག་ཅེས་བཀའ་སློབ་སྩལ་གནང་འདུག།
སྐབས་དེར་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ཀྱང་ཉེ་འགྲམ་དུ་ཡོད་སྟབས་ཁོང་ལ་ཞལ་ཕྱོགས་ནས་བཀའ་སློབ་མུ་མཐུད་སྩལ་དོན། སྲིད་སྐྱོང་མཆོག་སླར་ཡང་ལོ་ལྔའི་རིང་འོས་འདེམས་བྱུང་བ་རེད། ང་ཚོ་བོད་མི་བཙན་བྱོལ་བ་ཚོ་མང་གཙོའི་ལམ་ལུགས་ཐོག་བསྐྱོད་བཞིན་ཡོད། དེས་པེ་ཅིང་སྲིད་གཞུང་གི་འགོ་ཁྲིད་རྣམས་ལ་ཡང་མང་གཙོ་ཟེར་ན་གང་འདྲ་ཡིན་མིན་བརྡ་ལན་ཞིག་གཏོང་བཞིན་ཡོད། ང་ཚོས་བོད་ནི་བཙན་བཟུང་བྱས་པའི་རྒྱལ་ཁབ་ཅིག་ལ་ངོས་འཛིན་བྱེད་བཞིན་པ་མ་ཟད། བོད་འདི་རྒྱ་ནག་གི་ཆ་ཤས་ཤིག་མིན་པ་ནི་དངོས་ཡོད་གནས་ཚུལ་རེད། འོན་ཀྱང་ང་ཚོས་ད་དུང་རང་བཙན་རྩོད་ལེན་བྱེད་ཀྱི་མེད། ང་ཚོར་རྒྱབ་སྐྱོར་མུ་མཐུད་གནང་རོགས། ང་ཚོར་རྒྱབ་སྐྱོར་གནང་བར་སྙིང་ཐག་པ་ནས་ཡི་རང་བསྔགས་བརྗོད་ཞུ་རྒྱུ་ཡིན་ཞེས་བཀའ་སློབ་སྩལ་བ་མ་ཟད།
༧མགོན་པོ་གང་ཉིད་ཀྱི་སྐུ་ཚེའི་མཛད་ཁུར་གསུམ་གྱི་ཐོག་བཀའ་སློབ་མུ་མཐུད་སྩལ་གནང་འདུག དེའི་རྗེས་སུ་གྲོས་ཚོགས་འོག་མའི་ཚོགས་གཙོ་Paul Ryan་མཆོག་དང་ལྕམ་ནན་སི་པེ་ལོ་སི་རྣམ་གཉིས་ཐུན་མོང་གིས་༧གོང་ས་མཆོག་ལ་ཉིན་དགུང་གསོལ་སྟོན་གཟབ་རྒྱས་འདེགས་འབུལ་ཞུས་འདུག།  

གསར་འགོད་པ་སེང་གེ་རི་བསོད་ནམས་ལྷ་མོ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་གཞུང་ངོས་ནས་རྒྱ་ནག་དང་ལྷན་ཚོང་འབྲེལ་གྲོས་མོལ་བྱས་ཚེ་རྒྱ་ནག་གིས་ཨ་རིའི་ཅ་དངོས་ཐོག་སྒོ་ཁྲལ་གུ་ཡངས་གཏང་རྒྱུ་ཡིན་པ་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་དང་རྒྱ་གར་གཉིས་གྲོས་མོལ་གྱིས། རྒྱ་གར་གྱི་གནས་སྐོར་བ་རྣམས་བོད་ནང་གངས་རིན་པོ་ཆེར་གནས་མཇལ་དུ་བསྐྱོད་རྒྱུ་བསྐྱར་དུ་སྒོ་འབྱེད་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎