༧གོང་ས་མཆོག་གི་སྙུན་གཞི་དྭངས་བསྐྱེད་བྱུང་སྟེ་སྨན་ཁང་ནས་ཕྱིར་ཐོན་གནང་འཆར་འདུག
2019.04.11
བོད་ཀྱི་དབུ་ཁྲིད་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་སྙུན་གཞི་དྭངས་སྐྱེད་བྱུང་སྟེ་སྨན་ཁང་ནས་ཕྱིར་ཐོན་གནང་འཆར་འདུག
དེ་ཡང་བོད་ཀྱི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་སྤྱི་ཚེས་༩ཉིན་མགུལ་ཆམ་དང་སྐུ་ཚ་འཕར་བ་སོགས་སྐུ་ཁམས་མི་བདེ་བ་བྱུང་བའི་རྐྱེན་གྱིས་བཞུགས་སྒར་ནས་གློ་བུར་མཁའ་ལམ་བརྒྱུད་ལྡི་ལིའི་(MAX)སྨན་ཁང་དུ་སྐུ་གཟུགས་བརྟག་དཔྱད་དང་ཉིན་གསུམ་རིང་སྨན་བཅོས་གནང་སྟེ་ད་ཆ་སྐུ་གཟུགས་གསལ་དྭངས་བྱུང་ཡོད་པ་དང་། སྤྱི་ཚེས་༡༢་ཉིན་སྨན་ཁང་ནས་ཕྱིར་ཐོན་གནང་འཆར་འདུག
དེའི་སྐོར་སྐུའི་ཕྱིའི་ལུགས་བླ་སྨན་པ་ས་འདུ་ཚང་ཚེ་བརྟན་རྡོ་རྗེ་ལགས་ཀྱིས་འདི་ག་རླུང་འཕྲིན་ཁང་ལ་གསུང་དོན། ད་ལྟ་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་སྐུའི་སྙུང་གཞི་དྲག་སྐྱེད་ཧ་ཅང་ཡག་པོ་བྱུང་འདུག་ལ་དེ་རིང་༧གོང་ས་མཆོག་སྐུ་ཉིད་ཀྱིས་ཀྱང་ད་ཆ་ང་སྔར་རྒྱུན་བཞིན་བདེ་ཐང་ཆགས་འདུག་ཞེས་བཀའ་གནང་གི་འདུག དེ་བས་ཕལ་ཆེར་ཕྱི་ཚེས་ ༡༢ ཉིན་སྨན་ཁང་ནས་ཕྱིར་ཕེབས་འཆར་ཡིན་པ་དང་། དེ་ནས་ལྡི་ལིར་ཉིན་གཉིས་གསུམ་ཙམ་སྐུ་ངལ་གསོ་གནང་རྒྱུ་ཡིན་པ་གསུངས་བ་དང་མཉམ་བོད་ཕྱི་ནང་གི་བོད་རིགས་རྒྱ་ཆེ་མང་ཚོགས་ཚོས་༧གོང་ས་མཆོག་གི་སྐུ་གཟུགས་ལ་སེམས་འཚབ་རྩ་བ་ནས་གནང་མི་དགོས་བ་གསུངས་ཡོད།
ཟླ་འདིའི་ཕྱི་ཚེས་༤ ནས་༦ བར་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་ལྡི་ལི་ནས་རྒྱལ་སྤྱིའི་རང་བཞིན་གྱི་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་ཀྱི་ཤེས་ཡོན་ལས་འཆར་དབུ་འབྱེད་སོགས་མཛད་འཕྲིན་ཁག་གཅིག་གྲུབ་རྗེས་ཕྱི་ཚེས་ ༨ ཉིན་མཁའ་ལམ་བརྒྱུད་ཕྱིར་བཞུགས་སྒར་ཕོ་བྲང་དུ་ཞབས་སོར་བདེ་བར་འཁོད་ཀྱང་ཉིན་དེའི་དགོང་མོ་ནས་སྐུའི་འཕྲོད་བཞེས་བདེ་མིན་གྱི་གནས་སྟངས་བྱུང་བའི་རྐྱེན་གྱིས་ཚེས་༩་ཉིན་སླར་ཡང་མཁའ་ལམ་བརྒྱུད་ལྡི་ལིར་སྨན་བཅོས་ཆེད་ཕེབས་དགོས་བྱུང་ཡོད་པ་རེད།