༧གོང་ས་སྐྱབས་མགོན་ཆེན་པོ་ཆེ་མཆོག་གིས་རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་མངའ་སྡེ་གཞུང་གི་སྟངས་འཛིན་འོག་ཡོད་པའི་སྔོན་འགྲོ་ནས་འཛིན་རིམ་བརྒྱད་པའི་བར་གྱི་སློབ་གྲ་ཚང་མའི་ནང་སེམས་ལ་བདེ་སྐྱིད་སྐྲུན་ཐབས་(happiness curriculum)ཞེས་པའི་སློབ་ཚན་ཁྲིད་གནང་རྒྱུ་ཡིན་པ་དེ་དབུ་འབྱེད་མཛད་གནང་འདུག
དེ་ཡང་སྤྱི་ཟླ་༧སྤྱི་ཚེས་༢གཟའ་ཟླ་བ་ཉིན། སློབ་ཚན་དེ་དབུ་འབྱེད་སྐབས་སུ་༧གོང་ས་མཆོག་གིས་ལྡི་ལི་གཞུང་ལ་དགའ་བསུའི་འཚམས་འདྲི་གནང་བ་དང་འབྲེལ་༧གོང་ས་མཆོག་གིས་མིའི་སེམས་ཚོར་སྐོང་ཐབས་སུ་དེང་དུས་ཀྱི་ཤེས་ཡོན་དང་གནའ་བོའི་ཤེས་ཡོན་གཉིས་ཟུང་འབྲེལ་གྱིས་ཐོག་གནང་དགོས་ངེས་ཡིན་སྟབས་རྒྱ་གར་ལ་ནུས་པ་དེ་ཡོད་པ་རེད།
དེ་ལྟར་བྱུང་ཚེ་མིའི་ལུས་སེམས་གཉིས་ཀྱི་བདེ་ཐང་བསྐྲུན་ཐུབ་པ་མ་ཟད། ཕྲག་དོག་དང་ཁོང་ཁྲོ་ཞེ་སྡང་བཅས་ཀྱི་མ་རིག་མུན་པའི་རྐྱེན་ནས་བྱུང་བའི་དཀའ་རྙོག་རྣམ་སེལ་ཐུབ་ཅིང་། རྒྱ་གར་གྱི་གནའ་བོའི་ཤེས་བྱ་སླར་གསོ་བྱས་ཚེ་རྒྱ་གར་དེ་འཛམ་གླིང་གི་ཐོག་དེང་དུས་ཀྱི་སློབ་དཔོན་ཞིག་ཆག་ཐུབ་ཀྱི་རེད་ཅེས་གསུངས་ཡོད་འདུག དེ་བཞིན་༧གོང་ས་མཆོག་གིས་ལྡི་ལིའི་སློབ་གྲ་ཁག་ནང་དུ་སློབ་ཚན་འགོ་འཛུགས་བྱས་པ་དེས་འཛམ་གླིང་ཐོག་ཤུགས་རྐྱེན་ཞིག་ཐེབས་ཀྱི་རེད་ཅེས་གསུངས་འདུག
ཡང་དབུ་འབྱེད་ཀྱི་མཛད་སྒོ་དེའི་ཐོག་ལྡི་ལི་གཞུང་གི་སྤྱི་ཁྱབ་བློན་ཆེན་གཞོན་པ་དང་ཤེས་རིག་བློན་ཆེན་(Manish Sisodia)སོགས་དང་ཤེས་ཡོན་སྡེ་ཁག་གི་གཞུང་ཞབས་ལས་བྱེད་པ། དེ་བཞིན་དགེ་རྒན་མང་པོ་ཞིག་ལྷན་འཛོམས་ཀྱི་ཐོག་རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་(Arvind Kejriwal)མཆོག་གིས་གསུངས་བཤད་ནང་།
བདེ་སྐྱིད་སྐྲུན་ཐབས་གྱི་སློབ་ཚན་གཏན་འབེབས་བྱས་པ་དེ་བཞིན་ཤེས་ཡོན་སློབ་གསོའི་བསྒྱུར་བཅོས་ཐོག་རྨང་གཞི་འཛུགས་བསྐྲུན་དང་དགེ་རྒན་གྱི་བྱ་སྤྱོད་དང་ཀུན་སློང་ལ་སྐུལ་འདེབས་ཞུས་པ་སོགས་ད་ལྟའི་བདེ་སྐྱིད་ཀྱི་སློབ་ཚན་དབུ་འབྱེད་ཀྱིས་བསྒྱུར་བཅོས་ཀྱི་རིམ་པ་གསུམ་པ་ལ་སླེབས་ཡོད་པ་རེད་ཅེས་བརྗོད་འདུག་སློབ་ཚན་དེ་བཞིན་ལྡི་ལི་གཞུང་གིས་དགེ་རྒན་༤༠ཙམ་གྱིས་ཟླ་བ་དྲུག་ཙམ་རིང་བཀོད་སྒྲིག་གཏན་འབེབས་གནང་བ་ཞིག་རེད་འདུག
ཡང་སྤྱི་ཁྱབ་བློན་ཆེན་མཆོག་གིས་རྒྱ་གར་ནང་སློབ་སྦྱོང་ནི་གལ་ཆེ་ནང་གི་དོན་ཆེན་ཞིག་ཡིན་པས་རྒྱ་གར་དབུས་གཞུང་དང་མངའ་སྡེའི་གཞུང་གིས་དེ་ཁོ་ནའི་ཐོག་ལོ་གཅིག་གི་རིང་ཤུགས་སྣོན་རྒྱབ་དགོས་པ་བརྗོད་འདུག གཞན་ཡང་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་མཆོག་གིས་ད་ལྟའི་ཤེས་ཡོན་སློབ་གསོ་ལམ་ལུགས་དེས་མི་བཟང་པོ་ཞིག་བསྐྲུན་ཐུབ་ཀྱི་མེད་པ་བརྟེན་ལམ་ལུགས་ཐོག་བསྒྱུར་བཅོས་གཏོང་དགོས་ཤིང་། བདེ་སྐྱིད་སྐྲུན་ཐབས་ཀྱི་སློབ་ཚན་དེ་བཟང་ཕྱོགས་ཀྱི་གོམ་པ་མདུན་སྤོས་གནང་བ་ཞིག་རེད་ཅེས་གསུངས་འདུག
དེ་ཡང་རྒྱ་གར་གྱི་དཔལ་འབྱོར་དུས་བབ་ཚགས་ཤོག་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། སྤྱི་ཟླ་བདུན་པ་ནང་འགོ་འཛུགས་བྱེད་རྒྱུ་ཡིན་པའི་་བདེ་སྐྱིད་བསྐྲུན་ཐབས་ཀྱི་སློབ་ཚན་དེ་དུས་ཡུན་སྐར་མ་༤༥རེ་ཡིན་པའི་ཚོགས་ཐེངས་རེའི་ཐོག་མ་སྐར་མ་༥ཙམ་ནང་སྒོམ་ཉམས་ལེན་བྱེད་རྒྱུ་ཡིན་འདུག
ལྡི་ལི་གཞུང་གིས་སྔོན་འགྲོ་ནས་འཛིན་རིམ་བརྒྱད་པ་བར་རྒྱ་གར་གྱི་སློབ་མ་འབུམ་༡༠དང་དགེ་རྒན་ཁྲི་༥༠ཙམ་ལ་ཤུགས་རྐྱེན་ཇི་འདྲ་ཡོང་མིན་ཚོད་དཔག་ཐུབ་པ་ཞིག་རེད་ཅེས་བརྗོད་འདུག།
གསར་འགོད་པ་སངས་རྒྱས་རྒྱ་མཚོ་དང་། རྡོ་རྗེ་དགྲ་འདུལ།
0:00 / 0:00