༧གོང་ས་མཆོག་ཇར་མན་ལ་ཞབས་སོར་བདེ་བར་འཁོད་པ།
2014.08.22

༧གོང་ས་མཆོག་གིས་ཇར་མན་ཁུལ་དུ་ཉིན་དྲུག་རིང་ཆོས་འབྲེལ་དང་མང་ཚོཊ་ལ་བཀའ་སློབ་གསུང་བཤད་སོཊ་ཀྱི་མཛད་འཆར་སྐྱོང་གནང་རྒྱུ་ཡིན་འདུག
དེ་ཡང་Germanyགྲོང་ཁྱེར་Hamburgནང་རྟེན་གཞི་བྱས་པའི་བྱང་ཆུབ་ཆོས་གླིང་ཆོས་ཚོགས་ཀྱིས་ཇི་ལྟར་གསོལ་འདེབས་ཞུས་དོན་ལྟར། ཟླ་༨ཚེས་༢༢ཉིན་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གྲོང་ཁྱེར་དེར་ཞབས་སོར་འཁོད་ཡོད་པ་རེད། མཛད་འཆར་གཞིར་བཟུང་ལྟར་ན། ཚེས་༢༣ཉིན་༧གོང་ས་མཆོག་ནས་Hamburgགྲོང་ཁྱེར་ནང་མི་མང་༧༠༠༠ལྷག་ལ་ཆོས་ལུགས་དང་མ་འབྲེལ་བའི་འཇིག་རྟེན་སྤྱོད་བཟང་ཞེས་པའི་བརྗོད་གཞིའི་ཐོག་ལམ་སྟོན་བཀའ་སློབ་སྩལ་རྒྱུ་དང་། ཕྱི་ཚེས་༢༤ནས་༢༥བར་ཉིན་གཉིས་རིང་རྒྱལ་སྲས་ཆེན་པོ་ཞི་བ་ལྷས་མཛད་པའི་སྤྱོད་འཇུག་གི་གསུང་ཆོས་སྩལ་རྒྱུ། ཕྱི་ཚེས་༢༦ཉིན་གྱི་སྔ་དྲོ་སྤྱན་རས་གཟིགས་ཀྱི་བཀའ་དབང་སྩལ་རྒྱུ་ཡིན་པ་དང་། གོང་གསལ་གོང་ས་མཆོག་གི་ཆོས་འབྲེལ་གྱི་མཛད་འཆར་དེ་དག་དྲ་རྒྱའི་ཐོག་ཐད་ཀར་རྒྱང་སྲིང་ཞུ་རྒྱུ་ཡིན་འདུག གཞན་ཡང་ ཚེས་༢༥ཉིན་Hamburgགྲོང་ཁྱེར་ནང་རྟེན་གཞི་བྱས་པའི་མི་རིགས་རྩད་ཞིབ་རིག་པའི་འགྲེམས་སྟོན་ཁང་གིས་གདན་ཞུ་ཕུལ་བ་དང་། ཇར་མན་བོད་དོན་རྒྱབ་སྐྱོར་ཚོགས་པས་གོ་བསྒྲིགས་ཞུས་པའི་འགྲེམས་སྟོན་ཁང་དེའི་ནང་༧གོང་ས་མཆོག་ནས་སྟོང་ལ་འགྲོ་ཉེན་ཆེ་བའི་བོད་ཀྱི་འབྲོག་པའི་སྲོལ་རྒྱུན་ཞེས་པའི་འགྲེམས་སྟོན་ལ་གཟིགས་ཞིབ་གནང་རྒྱུ་དང་། ཕྱོགས་མཚུངས་ཉིན་རྒྱབ་Hamburgགཙུག་ལག་སློབ་གྲྭ་ཆེན་མོའི་འཛམ་གླིང་ཆོས་ལུགས་འདྲ་མིན་གྱི་ལྟེ་གནས་ཞེས་པའི་ནང་། ཆོས་ལུགས་འདྲ་མིན་གྱི་མི་སྣ་ཁག་ལ་དེང་དུས་ཀྱི་ཚན་རིག་དང་ཆོས་ལུགས་སྐོར་བཀའ་སློབ་དང་བགྲོ་གླེང་མཛད་རྒྱུ་ཡིན་འདུག ཡང་ཚེས་༢༦ཉིན་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཇར་མན་བོད་དོན་རྒྱབ་སྐྱོར་ཚོགས་པ་གསར་འཛུགས་བྱས་ཏེ་མི་ལོ་༢༥འཁོར་བའི་དུས་དྲན་མཛད་སྒོར་བཀྲིན་ཆིབས་སྒྱུར་དང་བསྟུན་ས་གནས་ཀྱི་བོད་མི་རྣམས་ལ་བཀའ་སློབ་སྩལ་གནང་མཛད་རྒྱུ་དང་། མཛད་འཆར་མཐའ་མ་དེར་Hamburgགྲོང་ཁྱེར་ནང་སྐོང་ཚོགས་གནང་རྒྱུའི་ཐུན་མོང་གི་ལམ་འཚོལ་བ་ཞེས་པའི་བརྗོད་གཞིའི་སྒོ་ནས་ཚུགས་རྒྱུའི་བོད་རྒྱ་མཐུན་ཚོགས་ཀྱི་ཚོགས་འདུའི་དབུ་མགོན་དུ་ཞབས་སོར་འཁོད་གནང་མཛད་རྒྱུ་དང་། ཚེས་༢༧ཉིན་ཇར་མན་ཁུལ་གྱི་མཛད་འཆར་གྲུབ་མཚམས་རྒྱ་གར་རུ་ཆིབས་ཞལ་སྒྱུར་རྒྱུ་ཡིན་འདུག
ཞིབ་ཕྲ་དོན་གྲུབ་རྣམ་རྒྱལ་ལགས་ཀྱིས་འདི་གའི་གསར་འགོད་པ་ཚེ་དབང་ནོར་བུ་ལགས་དང་ཐད་ཀར་བཀའ་མོལ་ཞུས་པར་གསན་རོགས་ཞུ༎
གསར་འགོད་པ་ཚེ་དབང་ནོར་བུ།
གསར་འགོད་པ་དོན་གྲུབ་རྣམ་རྒྱལ།