༧གོང་ས་མཆོག་གིས་མཱ་ལེ་ཤེ་ཡའི་སྲིད་བློན་གསར་བར་འཚམས་འཕྲིན་བསྩལ་གནང་མཛད་འདུག

དེ་ཡང་འདི་ཚེས་༢༤རེས་གཟའ་ཕུར་བུའི་ཉིན། སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་(Anwar Ibrahim)་ལགས་མཱ་ལེ་ཤེ་ཡའི་སྲིད་བློན་དུ་འོས་འདེམས་རྒྱལ་ཁ་ཐོབ་པར་དགའ་བསུའི་འཚམས་འཕྲིན་བསྩལ་གནང་མཛད་པའི་ནང་། དེ་སྔོན་ཕྱི་ལོ་༡༩༨༢ལོར་༧མགོན་པོ་གང་ཉིད་མཛེས་སྡུག་ལྡན་པའི་མཱ་ལེ་ཤེ་ཡའི་(Malaysia)་ཡུལ་དུ་ཆིབས་བསྒྱུར་བསྐྱངས་གནང་ཐུབ་པར་ཐུགས་དགྱེས་ཚོར་ཆེན་པོ་བྱུང་བ་དང་། ཆིབས་བསྒྱུར་དེ་ཡང་༧མགོན་པོ་གང་ཉིད་ལ་ཞི་བདེ་དང་ཀུན་ཁྱབ་འགན་འཁུར་སྐོར་བཀའ་སློབ་སྩལ་གནང་ཡོང་བའི་མགྲོན་འབོད་ཞུས་པ་ལྟར་ཆིབས་བསྒྱུར་གནང་བ་དང་། སྐབས་དེར་དེའི་དུས་ཀྱི་མཱ་ལེ་ཤེ་ཡའི་སྲིད་བློན་(Tunku Abdul Rahman)་དབུས་པའི་ཡུལ་དེའི་དབུ་ཁྲིད་གཞན་རྣམས་མཇལ་འཕྲད་གནང་སྟེ་དགོངས་ཚུལ་བརྗེ་ལེན་གནང་རྒྱུའི་གོ་སྐབས་བྱུང་བར་ཐུགས་དགྱེས་པོ་བྱུང་ཚུལ་དང་། དེང་སྐབས་ནི་དཀའ་ངལ་དུ་མ་ཞིག་ལ་གདོང་ལེན་བྱེད་དགོས་པའི་དུས་ཚོད་གཅིག་ཡིན་པ་དང་། ༧མགོན་པོ་གང་ཉིད་ཀྱིས་མཱ་ལེ་ཤེ་ཡ་དེ་བཞིན་མུ་མཐུད་དུ་ཡར་རྒྱས་ཕུན་སུམ་ཚོགས་པ་ཡོང་བའི་སྨོན་འདུན་མཛད་ཀྱི་ཡོད་པ་དང་། ཕན་ཚུན་གཅིག་ལ་གཅིག་བརྟེན་དགོས་པའི་འཛམ་གླིང་འདིའི་ཞི་བདེ་དང་བརྟན་ལྷིང་ལ་ལེགས་སྐྱེས་གལ་ཆེ་ཕུལ་ཐུབ་པའི་ཐུགས་རེ་གནང་གི་ཡོད། དེ་བས་མཱ་ལེ་ཤེ་ཡའི་སྲིད་བློན་གསར་པས་འབྱུང་འགྱུར་གྱི་དཀའ་ངལ་ཁག་ལ་ལམ་ལྷོང་ལྡན་པའི་ཐོག་ནས་གདོང་ལེན་གནང་ཐུབ་པ་མ་ཟད། མཱ་ལེ་ཤེ་ཡའི་མི་མང་གི་རེ་བ་དང་མངོན་འདོད་ཁག་བསྒྲུབ་ཐུབ་པའི་ཐུགས་རེ་གནང་ཡོད། མཐའ་དོན་སྲིད་བློན་མཆོག་གི་བྱ་བ་ལམ་འགྲོ་ཡོང་བའི་སྨོན་འདུན་ཞུ། ཅེས་འཚམས་འཕྲིན་ནང་བཀོད་གནང་མཛད་འདུག
གསར་འགོད་པ། སེང་གེ་རི་བསོད་ནམས་ལྷ་མོ།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།