༸གོང་ས་མཆོག་གིས། ཨ་རི་མི་ནི་སོ་ཌ་སློབ་ཆེན་ནས་བཞུགས་སྒར་དུ་ཕེབས་པའི་སློབ་མ་ཁག་ཅིག་ལ་མཇལ་ཁ་སྩལ་བ།

2023.05.29
༸གོང་ས་མཆོག་གིས། ཨ་རི་མི་ནི་སོ་ཌ་སློབ་ཆེན་ནས་བཞུགས་སྒར་དུ་ཕེབས་པའི་སློབ་མ་ཁག་ཅིག་ལ་མཇལ་ཁ་སྩལ་བ། ༸གོང་ས་མཆོག་དང་ལྷན་དུ་མི་ནི་སོ་ཌ་ནས་ཕེབས་པའི་སློབ་མ་རྣམས། ༢༠༢༣།༠༥།༢༩ ཉིན།
OHHDL

ཕྱི་ལོ་ ༢༠༢༣ ཟླ་བ་ ༥ ཚེས་ ༢༩ ཉིན་གྱི་སྔ་དྲོ་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས། ཨ་མི་རི་ཀའི་མི་ནི་སོ་ཌ(Minnesota)སློབ་ཆེན་ནས་བཞུགས་སྒར་དུ་རྟེན་གཞི་བྱས་པའི་འགྲོ་ཕན་སྨན་རྩིས་ཁང་དུ་བོད་ཀྱི་གསོ་བ་རིག་པའི་ཐོག་རྒྱུད་ལོན་དང་འབྲེལ་བའི་ཟབ་སྦྱོང་ཆེད་ཕེབས་འབྱོར་བྱུང་བའི་སློབ་མ་ ༩ ལ་དམིགས་བསལ་མཇལ་ཁ་དང་བཀའ་སློབ་སྩལ་བའི་ནང་། བོད་ཀྱི་གསོ་བ་རིག་པའི་གལ་གནད་དང་། དཔྱད་སྒོམ་ཉམས་ལེན་བྱས་པ་དེས་འགྲོ་བ་མིའི་འཕྲོད་བསྟེན་ལ་བཟང་ཕྱོགས་ཀྱི་ཤུགས་རྐྱེན་ཡོད་པ་སོགས་ཀྱི་ཐད་བཀའ་སློབ་ཕེབས་འདུག་པ་མ་ཟད། འདི་ལྟ་བུའི་ལས་གཞི་མུ་མཐུད་ནས་སྤེལ་དགོས་པའི་བཀའ་སློབ་ལམ་སྟོན་སྩལ་འདུག

སྤྱིར་མི་ནི་སོ་ཌ་སློབ་ཆེན་དང་བོད་ཀྱི་སྨན་རྩིས་ཁང་གི་མཐོ་སློབ་གཉིས་བར་གསོ་བ་རིག་པ་དང་ནུབ་ཕྱོགས་ཀྱི་སྨན་དང་འབྲེལ་བའི་རིག་གནས་གཉིས་ཟུང་འབྲེལ་གྱི་སློབ་གཉེར་བྱེད་རྒྱུའི་ལས་གཞི་འདི་ནི་ཕྱི་ལོ་ ༢༠༠༥ ལོར་ཐོག་མ་མགོ་འཛུགས་གནང་སྟེ། ད་བར་ཕྱི་རྒྱལ་སློབ་མ་ ༧༠༠ ལྷག་ལས་གཞིའི་འདིའི་ནང་མཉམ་བཞུགས་གནང་འདུག་ཅིང་། མི་ནི་སོ་ཌ་སློབ་ཆེན་གྱི་སེམས་ཁམས་དང་གསོ་བཅོས་སྡེ་ཚན་(Center for Spirituality and Healing)གྱི་སློབ་དཔོན་གཞོན་པ་སྨན་པ་བསྟན་འཛིན་རྣམ་འགྲོལ་ལགས་ནི། ལས་གཞི་འདིའི་ཐོག་ཐུགས་འགན་བཞེས་མཁན་གཙོ་བོ་གྲས་ཤིག་ཡིན་འདུག་པ་དང་། ཁོང་གིས་ཨེ་མོ་རི་གཙུག་ལག་སློབ་ཆེན་(Emory University)ནང་དུ་སྨན་གྱི་ཐོག་ལ་རིག་གཞུང་མི་འདྲ་བའི་ལྟ་ཚུལ་གྱི་བརྗོད་གཞིའི་ཐོག་སློབ་གཉེར་གནང་སྟེ་འབུམ་རམས་པའི་ལག་འཁྱེར་བླངས་ཡོད་པ་དེ་ལས་གཞི་དེ་དང་དམིགས་བསལ་འབྲེལ་བ་ཆགས་ཀྱི་ཡོད་འདུག

སྤྱིར་ནུབ་ཕྱོགས་རྒྱལ་ཁབ་ཁག་གི་ནང་སྨན་དང་འབྲེལ་བའི་གཙུག་ལག་སློབ་ཆེན་མང་དག་ཅིག་ཡོད་ཀྱང་། བོད་སྨན་དང་འབྲེལ་བའི་ཆེས་མཐོའི་གཙུག་ལག་སློབ་ཆེན་ཐོན་པའི་ལག་འཁྱེར་སྤྲད་མཁན་ཧ་ལམ་མེད་པ་ལྟ་བུ་ཡིན་པས། ད་ལྟའི་ལས་གཞི་འདིས་བོད་སྨན་ལ་དོ་དབྱིངས་ཡོད་པའི་ཕྱི་རྒྱལ་གྱི་སློབ་མ་ཚོར་ཕན་ཐོགས་བྱུང་བཞིན་འདུག དཔེར་ན། མི་ནི་སོ་ཌ་སློབ་ཆེན་ནང་བོད་སྨན་དང་འབྲེལ་བའི་སློབ་ཚན་ཁག་གསུམ་ཡོད་པ་དེ་དག་ནང་མཉམ་བཞུགས་གནང་མཁན་མང་ཆེ་བ་ནི་སྨན་གྱི་སློབ་མ་དང་སྨན་ཞབས། སྤྱི་ཚོགས་འཕྲོད་བསྟེན་ཐོག་སློབ་གཉེར་བ། དེ་བཞིན་སྨན་པ་སོགས་ཡིན་འདུག

ད་ལྟའི་ཆར་མི་ནི་སོ་ཌ་གཙུག་ལག་སློབ་ཆེན་ནང་སྤྱི་ཚོགས་ཞབས་ཞུའི་ཐོག་གཙུག་ལག་རབ་འབྱམས་པའི་སློབ་གཉེར་གནང་བཞིན་པའི་སློབ་མ་Madisen clarkལགས་ཀྱིས། ང་འདི་ལ་བོད་སྨན་དང་དམིགས་བསལ་སྒོམ་སྒྲུབ་ཉམས་ལེན་ཐོག་རྒྱུད་ལོན་ཆེད་དུ་ཡོང་བ་ཡིན། ད་རེས་ཀྱི་ཟབ་སྦྱོང་དེ་ནི་ངའི་སློབ་ཚན་ནང་དུ་སེམས་ཁམས་བདེ་ཐང་དང་འབྲེལ་བའི་བརྗོད་གཞི་ཞིག་ཡོད་པ་དེ་དང་དམིགས་བསལ་འབྲེལ་བ་ཆགས་ཀྱི་འདུག་ལ། ལྷག་དོན་དུ་གསོ་རིག་གི་གཞུང་དུ་སེམས་ཁམས་རིག་པའི་ནང་དོན་ཕུན་སུམ་ཚོགས་པོ་ཡོད་པ་དེར་སློབ་གཉེར་བྱེད་དགོས་པ་གལ་ཆེན་ཚོར་བྱུང་ཞེས་འགྲེལ་བརྗོད་གནང་བྱུང་།

ཡང་ལས་གཞི་དེ་འགོ་འཛུགས་གནང་སྟེ། ད་བར་ལོ་ངོ་ ༡༧ ལྷག་འགྲོ་མུས་ཡིན་ནའང་། དེའི་ནང་བོད་པའི་གཞོན་སྐྱེས་མཉམ་བཞུགས་གནང་བ་ནི་ད་རེས་ཐེངས་དང་པོ་ཡིན་པ་མ་ཟད། དེ་ཡང་མཉམ་བཞུགས་པ་བསྟན་འཛིན་ཚེ་བརྟན་ལགས་དང་། ཨོ་རྒྱན་ཆོས་འཛོམས་རྣམ་གཉིས་ནི་ཨ་རིའི་མི་ནི་སོ་ཌ་Minnesotaམངའ་སྡེའི་ནང་སྐྱེས་ཚར་བྱུང་འདུག་ཅིང་། ད་ལྟའི་ཆར་ཁོང་གཉིས་མི་ནི་སོ་ཌ་སློབ་ཆེན་དུ་སློབ་གཉེར་གནང་མུས་ཡིན་འདུག་པ་དང་། ལས་གཞི་འདིས་ཁོང་གཉིས་ལ་ཕན་ཐོགས་བྱུང་འདུག

ཡང་འགྲོ་ཕན་སྨན་རྩིས་ཁང་གི་སྨན་གྱི་དགེ་རྒན་དང་སློབ་སྤྱི་གཞོན་པ་སྨན་པ་རྣམ་འགྲོལ་ལྷ་མོ་ལགས་ཀྱིས། སྨན་རྩིས་ཁང་དེ་ཉིད་ཀྱིས་ཕྱི་རྒྱལ་མཐོ་སློབ་གཞན་དང་མཉམ་དུ་དེ་འདྲ་བའི་ཟུང་འབྲེལ་གྱི་ལས་གཞི་སྤེལ་བ་དེས་བོད་སྨན་ལ་དོ་སྣང་དང་དེས་སྤྱི་ཚོགས་ལ་ཞབས་ཞུ་སྒྲུབ་མུས་ཡིན་པ་གསལ་པོ་ཡིན་པ་གསུངས་ཤིང་། ད་དུང་སྨན་རྩིས་ཁང་དང་ཨ་རིའི་ཨེ་མོ་རི་གཙུག་ལག་སློབ་ཆེན་གཉིས་དབར་མཉམ་འབྲེལ་ལས་གཞི་དེས་ཕྱོགས་གཉིས་ཀར་ཕན་ཐོགས་བྱུང་བཞིན་ཡོད་པ་འགྲེལ་བརྗོད་གནང་བྱུང་།

གཞན་ཡང་ཨ་མི་རི་ཀའི་མི་ནི་སོ་ཌ(Minnesota)སློབ་ཆེན་དང་སྨན་རྩིས་ཁང་གཉིས་བར་འགྲོ་བཞིན་པའི་ད་ལྟའི་ལས་གཞི་དེ་ནི་ཟླ་ ༥ ཚེས་ ༡༨ ཉིན་མགོ་འཛུགས་ཀྱིས། ཟླ་བ་ ༥ པའི་ཚེས་ ༣༠ ཉིན་མཇུག་སྒྲིལ་གནང་གི་ཡོད་པ་རེད།

གསར་འགོད་པ། བློ་བཟང་དགེ་ལེགས། 
རྩོམ་སྒྲིག་པ། ཡེ་ཤེས་ཟླ་བ། བསྟན་འཛིན་འཕགས་སྒྲོན།
དྲྭ་ཐོག་སྤེལ་མཁན། ཡེ་ཤེས་ཟླ་བ། 

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎