༧གོང་ས་མཆོག་གིས་འཇར་མན་ནས་འཚེ་མེད་ཞི་བདེའི་སྐོར་ལ་བཀའ་སློབ་སྩལ་འདུག

༧གོང་ས་མཆོག་གིས་འཇར་མན་ནས་མཛད་འཕྲིན་བསྐྱངས་སྐབས། ༢༠༡༨།༩།༡༩
༧གོང་ས་མཆོག་གིས་འཇར་མན་ནས་མཛད་འཕྲིན་བསྐྱངས་སྐབས། ༢༠༡༨།༩།༡༩ (OHHDL)

0:00 / 0:00

དེང་སྐབས་འཛམ་གླིང་འདིའི་ནང་གི་མི་མང་མང་པོ་དྲག་པོའི་འཚེ་བའི་ལས་ལ་ཞེན་པ་ལོག་གི་ཡོད་པ་༧གོང་ས་མཆོག་གིས་བཀའ་སྩལ་འདུག
བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཕྱི་ཚེས་༡༩་ཉིན་ཇར་མ་ནིའི་གྲོང་ཁྱེར་ དྷཱརམཤྀ་ ཐཱཀཏ། (Darmstdat)་ནང་འཚེ་བ་མེད་པ་དང་ཞི་བདེའི་སྐོར་མང་ཚོགས་ལ་བཀའ་སློབ་སྩལ་གནང་མཛད་སྐབས། མི་མང་སྟོང་ཚོ་མང་པོ་ཆེད་བཅར་ཞུས་པ་རྣམས་དང་བགྲོ་གླེང་ནང་མཉམ་ཞུགས་གནང་མཁན་གྱི་ཁོངས་སུ་པོ་ལེནཌ་གྱི་སྲིད་འཛིན་ཟུར་པ་ནོ་བེལ་ཞི་བདེའི་གཟེངས་རྟགས་བཞེས་པ་པོ་ལེཁ་ཝ་ལེ་ས་མཁན་(Lech Walesa)མཆོག་དང་། འཇར་མན་གྲོས་ཚོགས་ཀྱི་ཚོགས་གཞོན་སྐུ་གཞོན་ལྕམ་ ཀལཱོ་ཌི་ཡ་རོཐ། རྒྱལ་སྤྱིའི་ནང་རྡུལ་ཕྲན་མཚོན་ཆ་མེད་པ་བཟོ་ཐབས་ཐད་ཀྱི་ལས་འགུལ་ཚོགས་པའི་གཙོ་འཛིན་ལྕམ་རེ་སྦཱེ་ཀ་ ཇོན་སོན་ (RebeccaJohnson)་རྣམ་པ་ཡོད་པ་རེད།
༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་འཛམ་གླིང་འདིའི་ནང་གི་མི་མང་མང་པོ་དྲག་པོའི་འཚེ་བའི་ལས་ལ་ཞེན་པ་ལོག་གི་ཡོད་སྟབས་ཞི་བདེར་དགའ་མོས་བྱ་མཁན་ལོ་རེ་བཞིན་དུ་ཇེ་མང་དུ་འགྲོ་བཞིན་ཡོད་པ་དང་། ༧མགོན་པོ་གང་ཉིད་འཚེ་བ་མེད་པ་དང་ཞི་བདེའི་བགྲོ་གླེང་ལྷན་ཚོགས་དེའི་ནང་ལྷན་བཞུགས་གནང་རྒྱུ་བྱུང་བར་ཐུགས་དགྱེས་ཚོར་ཆེན་པོ་བྱུང་བ་དང་བགྲོ་གླེང་ལྷན་ཚོགས་དེ་ག་རང་གིས་འཛམ་གླིང་གི་མི་མང་པོ་དྲག་པོའི་འཚེ་བའི་ལས་ལ་ཞེན་པ་གཏིང་ནས་ལོག་གི་ཡོད་པའི་མངོན་རྟགས་ཤིག་ཡིན་པ་རེད་ཅེས་དང་། འཚེ་མེད་ཞི་བའི་ལམ་གྱི་སྒོ་ནས་ཞི་བདེ་དོན་གཉེར་བྱས་པ་དང་དེ་ནི་དོན་དམ་པའམ་དོན་དངོས་ཀྱི་ཐབས་ལམ་ཞིག་ཡིན་སྐོར་བཀའ་གནང་འདུག
ད་དུང་༧གོང་ས་མཆོག་གིས་ཡོ་རོབ་མཐུན་ཚོགས་གསར་འཛུགས་གནང་བའི་རྗེས་སུ་ཡོ་རོབ་ཁུལ་ལ་དམག་འཁྲུག་སོགས་རྩ་བ་ནས་བྱུང་མེད་སྟབས་ཡོ་རོབ་མཐུན་ཚོགས་ནས་དཔེ་བླངས་ནས་རྒྱ་གར་དང་རྒྱ་ནག ཉི་ཧོང་བཅས་ཀྱི་མཐུན་ཚོགས་བཟོ་དགོས་པ་དང་། ཨ་ཧྥེ་རི་ཀའི་ཡུལ་གྲུ་ཁག་ཀྱང་མཐུན་ཚོགས་བཟོ་དགོས་པ་སོགས་ཀྱི་ལམ་སྟོན་བཀའ་སློབ་སྩལ་གནང་མཛད་པ་མ་ཟད། དུས་རབས་༢༡་པ་འདིའི་ནང་མ་མཐུན་པའི་གནད་དོན་ཡོངས་རྫོགས་གྲོས་མོལ་གྱི་ལམ་ནས་སེལ་ཐབས་དགོས་སྐོར་བཀའ་སྩལ་གནང་མཛད་སྐབས་བོད་ལ་ཆ་གཞག་ན་ཕྱི་ལོ་༡༩༥༡་ལོར་བོད་དང་རྒྱ་ནག་གཉིས་དབར་གྲོས་མཐུན་དོན་ཚན་༡༧་བཞག་ནས་བོད་རྒྱ་འགྲིག་ཐབས་གནང་པ་དང་། དེ་རྗེས་ཕྱི་ལོ་༡༩༥༩་ལོར་རྒྱ་གར་ནང་བཙན་བྱོལ་དུ་ཆིབས་བསྒྱུར་མ་ཕེབས་དཀའ་མེད་བྱུང་བ། བོད་མིའི་ངོས་ནས་མཉམ་འབྲེལ་རྒྱལ་ཚོགས་ལ་བོད་ཀྱི་གནད་དོན་ཞུ་གཏུག་བྱས་འབྲས་སུ་གྲོས་ཆོག་སྔ་རྗེས་ཐེངས་གསུམ་བཞག་པ། དེ་ནས་ཕྱི་ལོ་༡༩༧༤་ལོར་བོད་རང་བཙན་གྱི་ལངས་ཕྱོགས་དོར་ནས་རྒྱ་ནག་དང་ཐད་ཀར་གྲོས་མོལ་བྱེད་པའི་བརྒྱུད་རིམ་གྱི་ཐོག་ནས་གཉིས་ཕན་དབུ་མའི་ལམ་གྱི་བཞེངས་ཕྱོགས་འཛིན་གནང་མཛད་པ་སོགས་ངོ་སྤྲོད་གནང་ཞིང་། རྒྱ་མིའི་མཁས་དབང་ཁག་སོགས་ཀྱིས་དབུ་མའི་ལམ་གྱི་ལངས་ཕྱོགས་དེར་རྒྱབ་སྐྱོར་ཡོད་པ་དང་། ཁོང་ཚོའི་ཁྲོད་ནས་རྒྱ་ནག་གཞུང་གིས་བོད་ཐོག་འཛིན་པའི་སྲིད་ཇུས་ལ་ངོ་རྒོལ་ཡོད་པའི་རྩོམ་བྲིས་༡༠༠༠་ལྷག་བྲིས་ཡོད་པ་སོགས་ཀྱི་སྐོར་གསལ་བཤད་གནང་ཡོད་པ་རེད།

གསར་འགོད་པ་སེང་གེ་རི་བསོད་ནམས་ལྷ་མོ།