བོད་ཀྱི་དབུ་ཁྲིད་༧གོང་ས་མཆོག་འཇར་མན་ལ་ཞབས་སོར་བདེ་བར་འཁོད་འདུག
2018.09.18
བོད་ཀྱི་དབུ་ཁྲིད་༧གོང་ས་མཆོག་གིས་ནེ་ཐེར་ལེནཌསྀ་ཁུལ་གྱི་མཛད་འཆར་ཁག་ལེགས་གྲུབ་ཀྱིས་འཇར་མན་གྱི་གྲོང་ཁྱེར་ཧྥརངཀ་ཧྥུརཊ་རུ་ཞབས་སོར་འཁོད་གནང་མཛད་འདུག
བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ནེ་ཐེར་ལེནཌསྀ་ཁུལ་གྱི་མཛད་འཆར་ཁག་ལེགས་གྲུབ་ཀྱིས། ཕྱི་ཟླ་ ༩ ཚེས་ ༡༨ ཉིན་འཇར་མན་གྱི་གྲོང་ཁྱེར་ཧྥརངཀ་ཧྥུརཊ་རུ་ཞབས་སོར་འཁོད་གནང་མཛད་འདུག
དེ་ཡང་ཕྱི་ཚེས་ ༡༩ ནས་༧གོང་ས་མཆོག་གིས་འཇར་མན་ཁུལ་གྱི་མཛད་འཆར་དབུ་འཛུགས་གནང་རྒྱུ་ཡིན་ཞིང་། དེའི་ཁོངས་སུ་ཕྱི་ཚེས་ ༡༩ ཉིན་འཇར་མན་བོད་དོན་རྒྱབ་སྐྱོར་ཚོགས་པ་ (Tibet Initiative Deutschland) དང་དགའ་ལྡན་ཕོ་བྲང་ཐེབས་རྩ་ཐོུང་ནས་གོ་སྒྲིག་གནང་པའི་འཚེ་བ་མེད་པ་དང་། ཞི་བདེའི་བརྗོད་གཞིའི་ཐད་མང་ཚོགས་བགྲོ་གླེང་གི་ཚོགས་མགོན་དུ་ཞབས་སོར་འགོད་གནང་མཛད་རྒྱུ་ཡིན་འདུག མང་ཚོགས་བགྲོ་གླེང་འདི་ཧྥརངཀ་ཧྥུརཊ་གྲོང་ཁྱེར་གྱི་ཁྱབ་ཁྱོངས་དྷརམཤྀ་ཐཱཀཏ་ས་གནས་ཀྱི་ཚན་རིག་དང་ཚོགས་འདུའི་ཚོགས་ཁང་ཆེན་མོ་དེའི་ནང་གནང་རྒྱུ་ཡིན་ལ། བགྲོ་གླེང་གནང་མཁན་གྱི་ཁོངས་སུ་ནོ་བེལ་ཞི་བདེའི་བྱ་དགའ་བཞེས་པ་པོ་པཱོ་ལེནཌ་གྱི་སྲིད་འཛིན་ཟུར་པ་ལེཁ་ཝ་ལེ་ས་དང་འཇར་མན་གྲོས་ཚོགས་ཀྱི་ཚོགས་གཙོ་སྐུ་གཞོན་ལྕམ་ཀལཱའུ་ཌི་ཡ་རོཐ། རྒྱལ་སྤྱིའི་རྡུལ་ཕྲན་མཚོན་ཆ་མེད་པ་བཟོ་ཐབས་ལས་འགུལ་ཁང་གི་ཚོགས་གཙོ་ལྕམ་རེ་སྦེ་ཀ་ཇོན་སོན་བཅས་ཡོད་ཅིང་། འཇར་མན་གྱི་གསར་འགོད་པ་གྲགས་ཅན་དྷུན་ཡ་ཧ་ཡ་ལི་ནས་བགྲོ་གླེང་མདོ་འཛིན་པ་གནང་རྒྱུ་ཡིན་འདུག
ཕྱི་ཚེས་ ༢༠ ཉིན་ཧཡེ་རྡལ་སྦརཀ་ས་གནས་སུ་ཡོད་པའི་འཇར་མན་དང་ཨ་རིའི་ལྟེ་གནས་ཁང་གིས་གོ་སྒྲིག་འོག་ཧཡེ་རྡལ་སྦརཀ་གྲོང་ཁྱེར་སྤྱི་ཁྱབ་ལས་ཁུངས་ཀྱི་ཚོགས་ཁང་ཆེན་མོའི་ནང་ས་གནས་དེའི་ནང་གི་ཀླད་ཁམས་ཚན་རིག་པ་སློབ་དཔོན་ཧ་ན་མོན་ཡེར་དང་། ཡང་ན་ཚོད་རྒས་པའི་གནས་སྐབས་སུ་སྤྱི་ཚོགས་དང་སེམས་ཁམས། གོམས་གཤིས་སོགས་ཀྱི་ཐག་འགྱུར་ལྡོག་གི་རང་བཞིན་ལ་རྟགས་དཔྱད་བྱ་མཁན་གྱི་ཚན་རིག་པ་སློབ་དཔོན་ ཨཱན་རྡེརེ་ཡ་ཀརུསྀ་སོགས་དང་ལྷན་དུ་བདེ་སྐྱིད་དང་ལས་འགན་ཞེས་པའི་བརྗོད་གཞིའི་ཐད་ཀྱི་མང་ཚོགས་བགྲོ་གླེང་གི་ཚོགས་མགོན་དུ་ཞབས་སོར་འགོད་རྒྱུ་ཡིན་པ་རེད། ཕྱི་ཚེས་ ༡༩ དང་ ༢༠ ཉིན་གྱི་མཛད་རིམ་ཁག་འཇར་མན་གྱི་སྔ་དྲོའི་ཚོུད་ ༩ པར་དབུ་འཛུགས་གནང་རྒྱུ་ཡིན་འདུག་པ་དང་། དྲ་རྒྱའི་ཐོག་ཐད་གཏོང་གནང་རྒྱུ་ཡིན་འདུག
ཕྱི་ཚེས་ ༡༨ ཉིན་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གོ་ཧྥརངཀ་ཧྥུརཊ་གནམ་ཐང་དུ་ཞབས་སོར་འཁོད་སྐབས། གདན་ཞུ་གོ་སྒྲིག་ཚོགས་པ་ཁག་གི་འགོ་ཁྲིད་རྣམས་དང་བྲག་ཡབ་སྐྱབས་མགོན་རིན་པོ་ཆེ། ས་གནས་བོད་རིགས་ཚོགས་པའི་ཚོགས་གཙོ་སོགས་ནས་ཕེབས་བསུ་ཞུས་འདུག་ཅིང་། དྷརམཤྀ་ཐཀཏ་ས་གནས་ཀྱི་ཞུགས་ཡུལ་མགྲོན་ཁང་དུ་ཞབས་སོར་འཁོད་སྐབས་བོད་མི་དང་བོད་དོན་རྒྱབ་སྐྱོར་བ། དེ་བཞིན་དགའ་དད་ཞུ་མཁན་གྱི་མི་བརྒྱ་ཕྲག་འགའ་ཤས་ཞལ་མཇལ་ཞུ་བར་བཅར་འདུག།
གསར་འགོད་པ་འགན་འཛིན་སྐལ་ལྡན་བློ་གྲོས།