༧གོང་ས་མཆོག་གིས་རྡོ་རྗེ་གདན་གྱི་ཆོས་འབྲེལ་མཛད་འཕྲིན་ཁག་ལེགས་པར་གྲུབ་པ།
2019.01.02
༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གནས་མཆོག་རྡོ་རྗེ་གདན་ནས་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ཆིབས་ཞལ་བསྒྱུར་གནང་མཛད་འདུག
བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཕྱི་ལོ་༢༠༡༨ ཟླ་ ༡༢ ཚེས་ ༡༦ ནས་ཕྱི་ལོ་༢༠༡༩ ཟླ་ ༡ ཚེས་༢བར་ཉིན་གྲངས་༡༨ཙམ་གྱི་རིང་གནས་མཆོག་རྡོ་རྗེ་གདན་དུ་ཆོས་འབྲེལ་གྱི་མཛད་འཆར་ཁག་ལེགས་པར་གྲུབ་པའི་རྗེས་ཚེས་༢་ཉིན་གནས་མཆོག་རྡོ་རྗེ་གདན་གྱི་གྷ་ཡ་གནམ་ཐང་ནས་མཁའ་ལམ་བརྒྱུད་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ཆིབས་ཞལ་བསྒྱུར་གནང་མཛད་ཡོད་པ་རེད།
༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་རྡོ་རྗེ་གདན་ནས་ཆིབས་ཞལ་མ་བསྒྱུར་གོང་བྱང་ཆུབ་མཆོད་རྟེན་རིན་པོ་ཆེར་སླར་ཡང་གནས་གཟིགས་སུ་ཆིབས་བསྒྱུར་ཐོག་མཆོད་རྟེན་རིན་པོ་ཆེའི་རྟེན་གཙོ་ཐུབ་པའི་དབང་པོའི་དྲུང་དུ་ཐུགས་སྨོན་གསོལ་འདེབས་མཛད་ཡོད་པ་རེད། སྐབས་དེར་ས་གནས་དགོན་པའི་ཚོགས་པ་དང་། བྱང་ཆུབ་མཆོད་རྟེན་འཛིན་སྐྱོང་ལྷན་ཚོགས་ཀྱི་ཚོགས་གཙོ། དྲུང་ཆེ་དང་། ཚོགས་མི་དེ་བཞིན་ཕེབས་ལམ་གཡས་གཡོན་དུ་དད་ལྡན་ཆོས་ཞུ་བ་སྟོང་ཚོ་མང་པོས་ལག་ཏུ་མེ་ཏོག བདུག་སྤོས། དཀར་གཙང་མཇལ་དར་སོགས་ཐོགས་སྟེ་མཇལ་ཁ་དང་ཕེབས་བསུ་ཞུས་ཡོད་པ་རེད།
འདས་པའི་གཟའ་འཁོར་གཉིས་ལྷག་གི་རིང་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཀིརྟི་བྱེས་པ་གྲྭ་ཚང་དང་ཀིརྟིའི་དགེ་རྩ་ཚོགས་པ་ཐུན་མོང་གིས་གོ་སྒྲིག་ཞུས་པའི་འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་པོའི་གསུང་དྲང་ངེས་ལེགས་བཤད་སྙིང་པོའི་དཀའ་གནད་ལ་ཆོས་བརྒྱུད་དང་། སེར་སྐྱ་ཕོ་མོ་རིས་མེད་ཀྱིས་མཁས་པའི་བགྲོ་གླེང་ཆེན་མོའི་ཉིན་དང་པོའི་ཚོགས་མགོན་དུ་དབུ་བཞུགས་ཀྱིས་བླང་དོར་བཀའ་སློབ་སྩལ་བ་དང་། དེ་བཞིན་གནས་མཆོག་རྡོ་རྗེ་གདན་ནང་གི་ཐེ་ལེནཊ་(watpa)དགོན་པར་པཱ་ལི་དང་བོད་རྒྱུད་ནང་བསྟན་གྱི་སྡེ་སྣོད་གསུམ་གྱི་མཁས་པའི་བགྲོ་གླེང་ལྷན་ཚོགས་ཀྱི་ཚོགས་མགོན་དུ་དབུ་བཞུགས་དང་བཀའ་སློབ། ཆེད་དུ་བཅར་བའི་དད་ལྡན་ཆོས་ཞུ་བ་ཁྲི་ཚོ་འགའ་ཤས་ལ་རྒྱལ་སྲས་ལག་ལེན་སོ་མདུན་མ་ལ་སོགས་པ་བྱང་ཆུབ་ཀྱི་སེམས་དང་སྟོང་པ་ཉིད་དོན་གྱི་ཐད་ཀྱི་བཀའ་ཆོས། འཇམ་དབྱངས་ཆོས་འཁོར་གྱི་ཚན་པ་ཁག་གཅིག་དང་། དཔལ་རྡོ་རྗེ་འཇིགས་བྱེད་དཔའ་བོ་གཅིག་པའི་བཀའ་དབང་སོགས་ཀྱི་ཆོས་འབྲེལ་རྒྱ་ཆེ་བསྐྱངས་གནང་མཛད་པར་མ་ཟད། མཇུག་ཏུ་ཕྱི་ཟླ་ ༡༢ ཚེས་ ༣༡ ཉིན་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་བོད་འབངས་ལྷ་སྡེ་མི་སྡེ་ཡོངས་ཀྱི་བརྟན་ཞུགས་བསྟར་སྐབས་བསྟན་པ་དང་འགྲོ་བའི་མགོན་དུ་སྐུ་ཚེ་ལོ་ངོ་བརྒྱ་ཕྲག་བར་འཚོ་ཞུགས་གནང་རྒྱུའི་ཞལ་བཞེས་ཀྱང་མཛད་ཡོད་པ་རེད།
དེ་བཞིན་བྷི་ཧར་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ནི་ཏིཤ་ཀུ་མར་ཆེན་མཆོག་གིས་དབུས་པའི་མངའ་སྡེའི་ནང་གི་དཔོན་རིགས་ཁག་མང་པོ་ཞིག་དང་། ཆོས་ལུགས་ཁག་གི་དབུ་ཁྲིད་དང་ལྷན་དུ་མཇལ་འཕྲད་གྲོས་མོལ་སོགས་མཛད་ཡོད་པ་རེད། ་ད་རེས་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གནས་མཆོག་རྡོ་རྗེ་གདན་དུ་བཞུགས་རྒྱུན་རིང་། རེས་གཟའ་ལྷག་པ་སྐུའི་བླ་གཟའ་ནམ་ཡིན་ལ་ཏཱ་ལའི་བླ་མའི་དགེ་རྩའི་མཚན་ཐོག་ནས་ས་གནས་ཀྱི་ཡུལ་མི་དབུལ་ཕོངས་རྣམས་ལ་ནོར་ཟས་དང་དཔལ་འབྱོར་གྱི་སྦྱིན་པ་གཏོང་བ་སོགས་ཀྱི་ལས་འགུལ་རྒྱ་ཆེ་ཞིག་ཀྱང་སྤེལ་ཡོད་པ་རེད།
གསར་འགོད་པ་པ་སངས་ཚེ་རིང་།