༧གོང་ས་མཆོག་གིས་རྒྱ་གར་གྱི་ཆོས་ལུགས་ཁག་གི་དབུ་ཁྲིད་རྣམ་པར་མཇལ་ཁ་དང་བཀའ་སློབ་སྩལ་བ།

2023.05.04
༧གོང་ས་མཆོག་གིས་རྒྱ་གར་གྱི་ཆོས་ལུགས་ཁག་གི་དབུ་ཁྲིད་རྣམ་པར་མཇལ་ཁ་དང་བཀའ་སློབ་སྩལ་བ། ༸གོང་ས་མཆོག་གི་རྒྱ་གར་གྱི་ཆོས་ལུགས་ཁག་གི་དབུ་ཁྲིད་རྣམ་པར་མཇལ་ཁ་སྩལ་བའི་སྐབས། ༢༠༢༣།༠༥།༠༤ ཉིན།
OHHDL

བོད་མིའི་དབུ་ཁྲིད་༧གོང་ས་མཆོག་གིས་སྤྱི་ཟླ་༥པའི་ཚེས་༤ཉིན་བཞུགས་སྒར་ཕོ་བྲང་དུ། རྒྱ་གར་གྱི་གཅེར་བུ་པའི་ཆོས་ལུགས་ཀྱི་བླ་མ་ལོ་ཀེཤ་མུ་ནེ་མཆོག་དང་། སིཀ་ཆོས་ལུགས་ཀྱི་གུ་རུ་རཱན་ཇིཏ་སེངྒེ་མཆོག ཧིན་དུའི་ཆོས་ལུགས་ཀྱི་བླ་མ་མཱཧེན་དྲཱ་ནཱ་ཝེལ་ཁེ་ཤཱར་མཆོག་བཅས་ལ་མཇལ་ཁ་སྩལ་བ་དང་འབྲེལ། ༧གོང་ས་མཆོག་གིས་ཕན་ཚུན་གྲོས་མོལ་གྱི་ལམ་ནས་འཛམ་གླིང་ཞི་བདེ་བསྐྲུན་དགོས་པ་མ་གཏོགས། མཚོན་ཆ་ལ་བརྟེན་ནས་ཞི་བདེ་ཡོང་མི་ཐུབ་པར་གསུང་ཡོད་པ་མ་ཟད། ཁོང་ཚོས་རྒྱ་གར་དུ་ཆོས་ལུགས་ཁག་གི་ལྷན་ཚོགས་ཤིག་གནང་འཆར་ཡོད་པའི་ཚོགས་མགོན་དུ་༧གོང་ས་མཆོག་གདན་འདྲེན་ཞུ་རྩིས་ཡོད་པའི་དགོངས་སྐོར་ཞུས་པར། ༧གོང་ས་མཆོག་གིས་འཛམ་གླིང་ཞི་བདེ་དང་ཆོས་ལུས་འཆམ་མཐུན། འགྲོ་བ་མི་སྤྱི་ལ་ཕན་ཐོགས་ཡོད་པ་ཞིག་ཡིན་ན་དེ་ནི་ངོས་ཀྱི་ལས་འགན་ཡིན་པས། ཁོང་ཚོའི་རེ་བ་ཇི་བཞིན་ཚོགས་མགོན་དུ་ཞུགས་ཆོག་པའི་ཞལ་བཞེས་བཟང་པོ་གནང་ཡོད་ཅིང་། ཁོང་ཚོ་ལས་གཅེར་བུ་པའི་ཆོས་བརྒྱུད་འཛིན་པ། རྒྱ་གར་གྱི་རྒྱལ་སྤྱིའི་འཚེ་མེད་ཞི་བདེའི་ལྟེ་གནས་ཀྱི་གཙོ་འཛིན་ལོ་ཀེཤ་མུ་ནེ་མཆོག་ནས།ལྡི་ལིའི་ནང་རྒྱལ་སྤྱིའི་ཞི་བདེའི་ཚོགས་པ་ཞིག་འཛུགས་བཞིན་པར་ཡང་༧གོང་ས་མཆོག་གདན་ཞུས་གནང་བ་འགྲེལ་བརྗོད་གནང་གི་འདུག

དེང་སང་འཛམ་གླིང་གི་ཛ་དྲག་གནས་སྟངས་འདིར་ཆོས་ལུགས་ཁག་མཉམ་དུ་མཐུན་སྒྲིལ་ལྷན་ཚོགས་གནང་རྒྱུ་ཧ་ཅང་གལ་ཆེན་དང་། ལྷག་པར་འཛམ་གླིང་འདིར་མཚོན་ཆ་སྣ་ཚོགས་ཀྱིས་འགྲོ་བ་མི་གཙོ་བའི་སེམས་ཅན་ལ་གནོད་འཚེ་མི་ཡོང་བ་དང་འཁྲུག་རྩོད་མཚམས་འཇོག་གིས། མི་ཕན་ཚུན་བར་མཛའ་བརྩེ་གོང་སྤེལ་ཡོང་བའི་ལྷན་ཚོགས་གནང་འཆར་དེར། ཚོགས་མགོན་དུ་༧གོང་ས་མཆོག་ལ་གདན་ཞུས་གནང་བ་ཞལ་བཞེས་བཟང་པོ་ཐོབ་པ་དང་། ཡང་ལྡི་ལི་རུ་ཆེས་ཐོག་མའི་རྒྱལ་སྤྱིའི་ཞི་བདེའི་ཚོགས་པ་ཞིག་བཙུགས་ཏེ། སློབ་གྲྭ་ཁག་ཏུ་ཞི་བདེ་དང་འཚེ་བ་མེད་པའི་སློབ་གཞི་མང་པོ་ཞིག་བསྒྲིག་བཞིན་པར་ཡང་༧གོང་ས་མཆོག་གདན་ཞུས་གནང་བ་འགྲེལ་བརྗོད་གནང་གི་འདུག་ཅིང་། ཡང་ཧིན་དུའི་ཆོས་ལུགས་ཀྱི་གུ་རུ་མཱཧེན་དྲཱ་ནཱ་ཝེལ་ཁེ་ཤཱར་མཆོག་ནས་ཀྱང་། ༧གོང་ས་མཆོག་གི་ལམ་སྟོན་ཞིག་ཁོང་ཚོའི་ཆོས་ལུགས་ཁག་གི་ལྷན་ཚོགས་སུ་གནང་ན། མི་མང་ལ་ཧ་ཅང་ཕན་ཐོགས་ཡོད་པ་འགྲེལ་བརྗོད་གནང་གི་འདུག

ཆོས་ཀྱིས་མི་ཚེའི་བདེ་སྐྱིད་བསྐྲུན་ཐུབ་པ་མ་གཏོགས་གོ་མཚོན་སོགས་ཀྱིས་མི་ཚེ་ལ་བདེ་སྐྱིད་བསྐྲུན་མི་ཐུབ་པ་དང་། དེང་སང་ཆོས་ལུགས་ཀྱི་མིང་ཐོག་ནས་ཕན་ཚུན་འཁྲུག་འཛིང་བྱེད་པ་ནི་ཧ་ཅང་ཐབས་སྡུག་ཡིན་པ། འཛམ་གླིང་མི་ཚང་མ་དོན་གྱིས་ནང་མི་སྤུན་མཆེད་ལྟ་བུ་ཡིན་པས། ང་ཚོ་ཚང་མ་ཕན་ཚུན་རོགས་རམ་བྱ་རེས་བྱས་ན་ཕན་ཐོགས་རྒྱ་ཆེ་ཡོད་པའི་བསམ་བློ་བཟུང་སྟེ་ང་ཚོ་འདིར་ཡོང་བ་དང་། ༧གོང་ས་མཆོག་གི་ལམ་སྟོན་ལ་བརྟེན་ནས་ཆོས་ལུགས་འཆམ་མཐུན་ཡོང་རེ་དང་། ༧གོང་ས་མཆོག་གིས་གདན་ཞུས་ཞལ་བཞེས་གནང་བར་ཧ་ཅང་དགའ་ཚོར་བྱུང་བ་མ་ཟད། ༧གོང་ས་མཆོག་གི་ལམ་སྟོན་གྱིས་མི་མང་ནང་ཞི་བདེ་ཡོང་བར་ཤིན་ཏུ་ཕན་ཐོགས་ཡོང་གི་རེད་ཅེས་འགྲེལ་བརྗོད་གནང་གི་འདུག གཞན་ཡང་ཁོང་ཚོར་མཇལ་ཁ་གོ་སྒྲིག་འབྲེལ་མཐུད་གནང་མཁན། ཧི་མ་ལ་ཡའི་རིག་གཞུང་ལྟེ་གནས་ཁང་གི་ཚོགས་གཙོ་བློ་བཟང་ཕུན་ཚོགས་ནས། རྒྱ་གར་གྱི་ཆོས་ལུགས་ཁག་ཡོངས་རྫོགས་མཉམ་རུབ་ཀྱིས། ཞི་བདེ་དང་སྙིང་རྗེ་གོང་སྤེལ་གྱི་ཕྱག་རྗེས་རླབས་ཆེན་བཞག་པར་ཆེ་བསྟོད་ཀྱི་ཚུལ་དུ། ཁོང་ཚོས་༧གོང་ས་མཆོག་ལ་བྱ་དགའ་གཟེངས་བསྟོད་ཅིག་འབུལ་འཆར་ཡོད་པའང་འགྲེལ་བརྗོད་གནང་གི་འདུག

རྒྱ་གར་གྱི་ཆོས་ལུགས་ཁག་གི་དབུ་ཁྲིད་མང་པོས་༧གོང་ས་མཆོག་ལ་གུས་བརྩི་ཆེན་པོ་གནང་གི་ཡོད་པས། རྒྱ་གར་དུ་ཆོས་ལུགས་ཚང་མ་ཚུར་རྡོག་རྩ་གཅིག་སྒྲིལ་བཟོ་ཐུབ་མཁན་༧གོང་ས་མཆོག་ལས་ལྷག་མེད་པར་བརྟེན། འཛམ་གླིང་ནང་ཛ་དྲག་དཀའ་རྙོག་གི་སྐབས་འདིར་༧གོང་ས་མཆོག་ཚོགས་མགོན་དུ་ཕེབས་ན། ཆོས་ལུགས་ཚང་མ་མཉམ་རུབ་འཆམ་མཐུན་གྱིས་ནུས་པ་འདོན་ཐུབ་པ། རྒྱ་གར་གྱི་ཆོས་ལུགས་པ་ཚོས་༧གོང་ས་མཆོག་ལ་ཡར་ཞུ་གནང་ཡོད་པ་རེད།

གསར་འགོད་པ། བློ་བྷེ།
རྩོམ་སྒྲིག་པ། ཡེ་ཤེས་ཟླ་བ། 
དྲྭ་ཐོག་སྤེལ་མཁན། ཡེ་ཤེས་ཟླ་བ། 

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བཙན་བྱོལ་ནང་གི་མི་རབས་གཞོན་པ་རྣམས་ལ་བོད་ནང་གི་ཛ་དྲག་གནས་སྟངས་ངོ་སྤྲོད་བྱ་ཆེད། སྙིང་སྟོབས་ཀྱི་འབོད་སྒྲ ཅེས་པའི་གཏམ་བརྗོད་གཟིགས་འབུལ་ཞུ་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎