༸གོང་ས་མཆོག་གིས་ནེའུ་ཛི་ལེན་ཌའི་དབྱུག་རྩེད་པ་རྣམས་ལ་མཇལ་ཁ་སྩལ་བ།

2023.10.24
༸གོང་ས་མཆོག་གིས་ནེའུ་ཛི་ལེན་ཌའི་དབྱུག་རྩེད་པ་རྣམས་ལ་མཇལ་ཁ་སྩལ་བ། ༸གོང་ས་མཆོག་གིས་ནེའུ་ཛི་ལེན་ཌའི་དབྱུག་རྩེད་པ་རྣམས་ལ་མཇལ་ཁ་སྩལ་བའི་སྐབས། ༢༠༢༣།༡༠།༢༤ ཉིན།
OHHDL

ཕྱི་ལོ་ ༢༠༢༣ ཟླ་བ་ ༡༠ ཚེས་ ༥ ནས་བཟུང་རྒྱ་གར་ནང་རྒྱ་གར་གྱི་གོ་སྒྲིག་འོག རྒྱལ་སྤྱིའི་(Cricket)འམ་དབྱུག་རྩེད་སྤོ་ལོའི་འགྲན་བསྡུར་འགྲོ་མུས་ལྟར། འདི་ཚེས་ ༢༤ ཉིན་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་དུ། བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས། ནེའུ་ཛི་ལེན་ཌའི་རྒྱལ་ཁབ་ཀྱི་དབྱུག་རྩེད་པ་རྣམས་ལ་མཇལ་ཁ་དང་བཀའ་སློབ་བཀའ་དྲིན་བསྐྱངས་ཡོད་ཅིང་། ནེའུ་ཛི་ལེན་ཌའི་དབྱུག་རྩེད་རུ་ཁག་གི་རུ་དཔོན་ཀེན་ཝི་ལིམ་སོན་ལགས་ནས། ༸གོང་ས་མཆོག་ལ་སྙན་གསེང་ཞུ་སྐབས། ཁོང་རང་ཉིད་མགོན་པོ་གང་ཉིད་མཆོག་གིས་སྩལ་བའི་བཀའ་སློབ་དག་ཡང་ཡང་གསན་པ་དང་ལྗགས་རྩོམ་མཛད་པའི་ཕྱག་དེབ་དག་མང་པོ་ཀློག་གི་ཡོད་ཅེས་གསུངས་སོང་།

མཇལ་ཁ་གྲུབ་མཚམས་སུ་ནེའུ་ཛི་ལེན་ཌའི་དབྱུག་རྩེད་པ་རྣམས་ལ་བཅར་འདྲི་ཞུ་སྐབས། ནེའུ་ཛི་ལེན་ཌའི་དབྱུག་རྩེད་རུ་ཁག་གི་རུ་དཔོན་ཀེན་ཝི་ལིམ་སོན་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་དོན། དེ་རིང་༸གོང་ས་མཆོག་གིས་བཀའ་སློབ་དུས་ཡུན་རིང་པོ་སྩལ་མེད་ཀྱང་། མགོན་པོ་གང་ཉིད་མཆོག་གི་༸སྐུ་མདུན་དུ་ཡོད་པ་དེས། རང་རྒྱུད་ལ་སེམས་ཤུགས་དང་ནུས་ཤུགས་གསར་པ་ཞིག་ཡོང་གི་འདུག་ཅེས་འགྲེལ་བརྗོད་གནང་བྱུང་།

ཐེངས་འདིའི་རྒྱལ་སྤྱིའི་དབྱུག་རྩེད་འགྲན་བསྡུར་ནི་ཐེངས་ ༡༣ པ་དེ་ཆགས་ཀྱི་ཡོད་ཅིང་། འགྲན་བསྡུར་དེ་ནི་ལོ་བཞི་རེའི་རྗེས་ཚོགས་ཀྱི་ཡོད་པ་རེད་ལ། ཐེངས་འདིའི་འགྲན་རྩོད་ནང་རྒྱལ་ཁབ་བཅུ་ཡོད་ཅིང་། རྒྱལ་ཁབ་རེ་རེས་གཞན་རྒྱལ་ཁབ་དགུ་དང་འགྲན་རྩོད་ཀྱིས། མཐའ་མཇུག་ཏུ་རུ་ཁག་རྩེ་ཕུད་བཞིའི་དབར་རྩེད་འགྲན་གྱིས། ཕྱི་ཟླ་ ༡༡ ཚེས་ ༡༩ ཉིན་མཐའ་མའི་འགྲན་རྩོད་གནང་རྒྱུ་ཡིན་པ་རེད། ཁ་སྔོན་ཕྱི་ཚེས་ ༢༢ ཉིན་རྒྱ་གར་དང་ནེའུ་ཛི་ལེན་ཌའི་རུ་ཁག་གཉིས་དབར་བཞུགས་སྒར་ཉེ་འཁྲིས་སུ་ཆགས་པའི་དབྱུག་རྩེད་རྩེད་ཐུང་དུ་རྩེད་འགྲན་གྱིས། རྒྱ་གར་ལ་རྒྱལ་ཁ་ཐོབ་ཡོད་ཅིང་། ཕྱི་ཚེས་ ༢༨ ཉིན་སླར་ཡང་ནེའུ་ཛི་ལེན་ཌ་དང་ཨོ་སི་ཀྲི་ལི་ཡའི་རུ་ཁག་གཉིས་དབར་རྩེད་འགྲན་གནང་རྒྱུ་ཡིན་པ་རེད།

 དེ་རིང་༸གོང་ས་མཆོག་ལ་མཇལ་ཁ་ཞུ་མཁན་གྱི་ཁོངས་ནས་ནེའུ་ཛི་ལེན་ཌའི་རུ་ཁག་གི་རྩེད་འགྲན་པ་ར་ཆིན་ར་ཝི་ཌ་ར་ལགས་ནི་འདི་ལོའི་རྒྱལ་སྤྱིའི་དབྱུག་རྩེད་སྤོ་ལོའི་འགྲན་བསྡུར་ནང་ཐེངས་དང་པོ་མཉམ་ཞུགས་ཀྱིས། ཁོང་ལ་རྒྱལ་སྤྱིའི་ཁྲོད་བསྟོད་བསྔགས་དང་ཡི་རང་ཞུ་མཁན་མང་དག་ཅིག་ཡོད་པ་རེད་འདུག་ལ། ཁོང་གི་མིང་ར་ཆིན་ནི་རྒྱ་གར་གྱི་དབྱུག་རྩེད་པ་གྲགས་ཅན་ Rahul Dravid དང་། Sachin Tendulkar གཉིས་ལས་བསྡུས་པ་ཞིག་ཆགས་ཀྱི་འདུག ཁོང་གིས་དེ་རིང་༸གོང་ས་མཆོག་ལ་མཇལ་ཁ་ཞུས་པའི་མྱོང་ཚོར་སྐོར་གསུངས་དོན། ངས་༸གོང་ས་མཆོག་གི་མཚན་སྙན་དང་རླབས་ཆེན་གྱི་ཕྱག་ལས་དག་དེ་སྔ་ནས་གོ་ཐོས་བྱུང་། དེ་རིང་༸གོང་ས་མཆོག་དངོས་སུ་མཇལ་རྒྱུ་བྱུང་བ་དེར་དགའ་བ་དཔག་མེད་སྐྱེས་བྱུང་ཞེས་འགྲེལ་བརྗོད་གནང་བྱུང་།

ཡང་དབྱུག་རྩེད་པ་ཇི་མི་ནི་ཤམ་ལགས་ཀྱིས། དེ་རིང་བཞུགས་སྒར་ཁུལ་གྱི་གནམ་གཤིས་ཧ་ཅང་ཡག་པོ་ཡོད་པའི་ཁར། ༸གོང་ས་མཆོག་ལ་མཇལ་ཁ་ཞུས་རྒྱུ་བྱུང་བ་དེ་ཧ་ཅང་དགའ་ཚོར་ཆེན་པོ་བྱུང་ཞེས་འགྲེལ་བརྗོད་གནང་བྱུང་།

གཞི་རྩའི་དབྱུག་རྩེད་སྤོ་ལོ་ནི་རྒྱ་གར་དང་ཉེ་འཁོར་གྱི་ཁྱིམ་མཚེས་རྒྱལ་ཁབ་ཁག་ཏུ་དར་ཁྱབ་ཆེ་ཞིང་། དབྱུག་རྩེད་པ་རྣམས་ནི་ཆེས་དགའ་མོས་བྱེད་ཡུལ་ཞིག་ཏུ་གྱུར་ཡོད་པ་རེད། དཔེར་ན། རྒྱ་གར་གྱི་དབྱུག་རྩེད་པ་གྲགས་ཅན་ Sachin Tendulkar ནི་རྒྱ་གར་བ་ཚོས་ལྷ་བཞིན་བཀུར་གྱི་ཡོད་པ་རེད།

ད་བར་རྒྱལ་སྤྱིའི་དབྱུག་རྩེད་འགྲན་བསྡུར་ཁྲོད་རྒྱ་གར་རྒྱལ་ཁབ་ལ་ཐེངས་གཉིས་རྒྱལ་ཁ་ཐོབ་ཡོད་པ་ནི། ཕྱི་ལོ་ ༡༩༨༣ ལོར་རུ་དཔོན་ Kapil Dev དང་། ཕྱི་ལོ་ ༢༠༡༡ ལོར་རུ་དཔོན་ MS Dhoni གཉིས་སྐབས་སུ་ཡིན་པ་རེད།

གསར་འགོད་པ། ཡེ་ཤེས་ཟླ་བ། 
རྩོམ་སྒྲིག་པ། བསྟན་འཛིན་འཕགས་སྒྲོན། ཡེ་ཤེས་ཟླ་བ།
དྲྭ་ཐོག་སྤེལ་མཁན། ཡེ་ཤེས་ཟླ་བ།

 

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་གཞུང་ངོས་ནས་རྒྱ་ནག་དང་ལྷན་ཚོང་འབྲེལ་གྲོས་མོལ་བྱས་ཚེ་རྒྱ་ནག་གིས་ཨ་རིའི་ཅ་དངོས་ཐོག་སྒོ་ཁྲལ་གུ་ཡངས་གཏང་རྒྱུ་ཡིན་པ་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་གཙོས་པའི་བོད་མི་གནས་སྡོད་ས་གནས་ཁག་ཏུ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎