༸གོང་ས་མཆོག་གིས་ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱ་གར་གཞུང་ཚབ་པར་མཇལ་ཁ་སྩལ་བ།

འདི་ཚེས་ ༡༢ ཉིན་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་དུ་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་གཞུང་ཚབ་པ་ Dr. Eliska Zigova མཆོག་ལ་མཇལ་ཁ་དང་བཀའ་སློབ་བཀའ་དྲིན་བསྐྱངས་ཡོད་ཅིང་། མཇལ་ཁ་གྲུབ་རྗེས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱ་གར་གཞུང་ཚབ་པར་བཀའ་འདྲི་ཞུ་སྐབས། དེ་རིང་༸གོང་ས་མཆོག་དང་ལྷན་དུ་དུས་ཡུན་སྐར་མ་ ༡༥ ཙམ་མཇལ་རྒྱུ་བྱུང་བ་དེ་ནི་རང་རྒྱུད་ལ་ཆེས་དཔག་དཀའ་བའི་ཡོན་ཏན་འབྱུང་གཞི་ཞིག་རེད་འདུག ཚང་མས་དེ་ལྟར་ངོས་འཛིན་གནང་དགོས་ཞེས་འགྲེལ་བརྗོད་གནང་བྱུང་།
གཞི་སྩའི་ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་འཛིན་ཐོག་མ་ Vaclav Havel དང་༸གོང་ས་མཆོག་ནི་ཐུགས་འདྲིས་ཧ་ཅང་ཡག་པོ་ཡོད་པར་མ་ཟད། ཕྱི་ལོ་ ༡༩༩༠ ལོར་༸གོང་ས་མཆོག་ཅེག་སྤྱི་མཐུན་རྒྱལ་ཁབ་ཏུ་ཆིབས་སྒྱུར་ཐོག་མ་དེ་མཛད་ཡོད་པ་རེད།
དེ་རིང་མཇལ་ཁའི་སྐབས་༸གོང་ས་མཆོག་གིས་ཅེག་སྤྱི་མཐུན་རྒྱལ་ཁབ་དང་བོད་མིའི་དབར་གྱི་འབྲེལ་ལམ་ནི་མི་རབས་ནས་མི་རབས་བར་གྱི་འབྲེལ་བ་ཆགས་ཀྱི་ཡོད་སྐོར་གསུངས་ཡོད་པ། ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱ་གར་གཞུང་ཚབ་པ་ Dr Eliska Zigoa ལགས་ཀྱིས་འགྲེལ་བརྗོད་གནང་བྱུང་།
གཞན་ཡང་ཐེངས་འདིའི་ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱ་གར་གཞུང་ཚབ་པ་ Dr. Eliska Zigova བཞུགས་སྒར་དུ་ཕེབས་པ་ནི་ཐེངས་གཉིས་པ་དེ་ཆགས་ཀྱི་འདུག་ཅིང་། དེ་ཡང་ཐེངས་འདིའི་ཕྱོགས་ཕེབས་ནི་སྒེར་དོན་ཡིན་འདུག་ལ། དུས་ཡུན་དེའི་རིང་བཞུགས་སྒར་གྱི་རི་མགོར་འཛེགས་རྒྱུ་དང་། དེ་བཞིན་ནོར་བུ་གླིང་ཁ་སོགས་ལ་ཕེབས་འཆར་འདུག
དེ་སྔོན་(Czechoslovakia) རྒྱལ་ཁབ་ཀྱི་སྲིད་འཛིན་ Vaclav Havel མཆོག་གིས་སྲིད་འཛིན་གྱི་གསུང་བཤད་དང་པོ་དེ་ཕྱི་ལོ་ ༡༩༩༠ ལོའི་ཕྱི་ལོ་གསར་ཚེས་ཉིན་གནང་སྐབས། ཁོང་གིས་ཡི་ཤུའི་བླ་ཆེན་ Pope John Paul གཉིས་པ་མཆོག་དང་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག (Czechoslovakia) ནང་གདན་འདྲེན་ཞུ་རྒྱུའི་འདུན་པ་སྟོན་གནང་བ་ལྟར། ལོ་དེའི་ཕྱི་ཟླ་དང་པོའི་ནང་ (Pope John Paul) མཆོག་དང་དེའི་རྗེས་ཕྱི་ཟླ་གཉིས་པའི་ནང་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་རྒྱལ་ཁབ་དེའི་ནང་གདན་འདྲེན་ཞུས་ཡོད་པ་རེད་འདུག
ཕྱིས་སུ་ཕྱི་ལོ་ ༡༩༩༣ ལོར་(Czechoslovakia)མིང་འགྱུར་གྱིས་ཅེག་སྤྱི་མཐུན་རྒྱལ་ཁབ་(Czech Republich)ཆགས་ཡོད་པ་རེད།
གསར་འགོད་པ། ཡེ་ཤེས་ཟླ་བ།
རྩོམ་སྒྲིག་པ། བསྟན་འཛིན་འཕགས་སྒྲོན།
དྲྭ་ཐོག་སྤེལ་མཁན། ཡེ་ཤེས་ཟླ་བ།