༸གོང་ས་མཆོག༸རྗེ་རིན་པོ་ཆེའི་རྣམ་སྤྲུལ་ཡིན་པ་ལུང་བསྟན་གྱི་གསུང་རྒྱུན་སྤྱན་འབུལ་ཞུས་འདུག

2023.08.12
༸གོང་ས་མཆོག༸རྗེ་རིན་པོ་ཆེའི་རྣམ་སྤྲུལ་ཡིན་པ་ལུང་བསྟན་གྱི་གསུང་རྒྱུན་སྤྱན་འབུལ་ཞུས་འདུག སྤྱི་ཟླ་༧ པའི་ཚེས་༥ ཉིན་དགའ་ལྡན་བྱང་རྩེ་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་གི་དཔེ་ཁྲིད་དགེ་རྒན་ལྷན་ཚོགས་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནི་རྗེ་རིན་པོ་ཆེའི་རྣམ་སྤྲུལ་ཡིན་པ་དེ་སྔ་སྐྱེས་ཆེན་དམ་པ་ཚོའི་ལུང་བསྟན་སྦྱན་འབུལ་ཞུས་པ་།
OHHDL

དགའ་ལྡན་རྣམ་པར་རྒྱལ་པའི་གླིང་ནི་རྗེ་ཙོང་ཁ་པ་བློ་བཟང་གྲགས་པ་མཆོག་གི་གདན་ས་ཡིན་པའི་ཁར་། དགའ་ལྡན་བྱང་རྩེ་གྲྭ་ཚང་གི་ཀླུ་འབུམ་ཁང་ཚན་ནི་རྗེ་རིན་པོ་དང་དམིགས་བསལ་འབྲེལ་ཡོད་པ་མ་ཟད། ཁང་ཚན་དེའི་ནང་རྗེ་རིན་ཆེའི་གཟིམ་ཤག་ཀྱང་ཡོད་པ་རེད། ཉེ་ལམ་བྱེས་སུ་ཡོད་པའི་གྲྭ་ཚང་དེ་ཉིད་ཀྱི་དཔེ་ཁྲིད་དགེ་རྒན་༡༤ བཞུགས་སྒར་རྒྱལ་བའི་ཕོ་བྲང་དུ་མཇལ་བཅར་གྱིས། ༸རྒྱལ་དབང་༸སྐུ་འཕྲིན་བཅུ་བཞི་པ་བསྟན་འཛིན་རྒྱ་མཚོ་མཆོག་ནི་རྗེ་རིན་པོ་ཆེའི་རྣམ་སྤྲུལ་ཡིན་པ་སྔར་གྱི་སྐྱེས་ཆེན་དམ་པ་ཚོའི་ལུང་བསྟན་གྱི་གསུང་རྒྱུན་རྣམས་མགོན་པོ་གང་ཉིད་མཆོག་ལ་སྤྱན་འབུལ་ཞུས་འདུག་ཅིང་། སྐབས་དེར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས།  རྗེ་རིན་པོ་ཆེ་དང་གང་ཉིད་མཆོག་ཕ་ཡུལ་གཅིག་པ་ཡིན་པ་མ་ཟད། སེམས་ཐག་ཉེ་པོ་ཡོད་པའི་ཐུགས་ཚོར་ཡོང་གི་འདུག་ཅེས་བཀའ་སྩལ་འདུག

ཁ་སྔོན་སྤྱི་ཟླ་༧ པའི་ཚེས་༥ ཉིན་དགའ་ལྡན་བྱང་རྩེ་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་གི་དཔེ་ཁྲིད་དགེ་རྒན་ལྷན་ཚོགས་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནི་རྗེ་རིན་པོ་ཆེའི་རྣམ་སྤྲུལ་ཡིན་པ་དེ་སྔ་སྐྱེས་ཆེན་དམ་པ་ཚོའི་ལུང་བསྟན་སྦྱན་འབུལ་ཞུས་པའི་ནང་། བྱང་རྩེའི་༸སྐྱབས་རྗེ་གསེར་ཀོང་༸མཚན་ཞབས་རིན་པོ་ཆེའི་ཞལ་ནས། བྱང་རྩེ་ཀླུ་འབུམ་ཁང་ཚན་ནང་ཡོད་པའི་རྗེ་རིན་ཆེའི་གཟིམ་ཤག་གི་ཉེ་འཁྲིས་སུ་ཤུག་པའི་སྡོང་པོ་ཞིག་ཡོད་པ་དེ་ནམ་ཞིག་ཆེར་སྐྱེས་ནས་ཚོམས་ཀྱི་སྒེའུ་ཁུང་གི་ཚད་དང་མཉམ་ན། དེའི་ཚེ་༸རྗེ་རིན་པོ་ཆེའི་སྤྲུལ་པ་ཞིག་བྱོན་ཡོད་ཅེས་ལུང་བསྟན་གྱི་གསུང་རྒྱུན་ཞིག་ཡོད། ༸རྒྱལ་བ་རིན་པོ་ཆེས་ལྷ་རམས་དམ་བཅའ་བཞག་པའི་ལོ་དེར་ཏག་ཏག་ཚད་ཐོག་དེར་མཉམ་ཡོད་པས། ༸རྒྱལ་བ་རིན་པོ་ཆེ་༸རྗེ་རིན་པོ་ཆེའི་སྤྲུལ་པ་ཡིན་ཞེས་ལུང་བསྟན་སྩལ་ཡོད་པ་འཁོད་འདུག་པ་མ་ཟད། བྱང་རྩེ་གོ་བོ་ཁང་ཚན་གྱི་༸གྲུབ་དབང་བྱ་བྲལ་རྒན་༸ཉི་མ་རྒྱལ་མཚན་རིན་པོ་ཆེའི་ཞལ་ནས་ཀྱང་། ༸རྒྱལ་བ་རིན་པོ་ཆེ་ནི་༸རྗེ་རིན་པོ་ཆེའི་སྤྲུལ་པ་ཡིན་པའི་བརྡ་བསྟན་ཡོད་པ་སོགས་སྐྱེས་ཆེན་དམ་པ་དུ་མ་ཞིག་གིས་ལུང་བསྟན་ཁ་གསལ་འཁོད་འདུག

དགེ་བཤེས་ལྷ་རམས་པ་དཔྱི་ས་དྲུང་ཆེན་སྤུལ་སྐུ་ནི་སྤྱི་ལོ་༡༩༩༣ ལོར་བོད་ནས་རྒྱ་གར་ལ་བྲོས་བྱོལ་དུ་ཕེབས་ནས་༢༠༡༡ཙམ་ནས་དགའ་ལྡན་ཕོ་བྲང་དུ་ལོ་ངོ་༡༡ རིང་ཞབས་ཕྱི་ཞུས་འདུག་ཅིང་། ད་ལྟའི་ཆར་བྱང་རྩེ་གྲྭ་ཚང་གི་དཔེ་ཁྲིད་དགེ་རྒན་གི་ལས་ཁུར་ཞུ་མུས་ཡིན་པ་དང་། ཁོང་གིས། ༸གོང་ས་མཆོག་༸རྗེ་རིན་པོ་ཆེའི་རྣམ་སྤྲུལ་ཡིན་པ་་སྐྱེས་ཆེན་དམ་པ་ཚོའི་ལུང་བསྟན་གྱི་གསུང་རྒྱུན་དེ་དག་ཁ་གསལ་བཟོ་རྒྱུ་ནི་བོད་བརྒྱུད་ནང་བསྟན་གྱི་ལོ་རྒྱུས་ནང་ཧ་ཅང་གི་གལ་འགངས་ཆེན་པོ་ཆགས་ཡོད་པར་བརྟེན། ད་རེས་དངོས་སུ་མགོན་པོ་གང་ཉིད་མཆོག་ལ་སྤྱན་འབུལ་ཞུས་ཡོད་པ་འགྲེལ་བརྗོད་གནང་བྱུང་། 

gaden.jpg

རི་བོ་དགེ་ལྡན་པའི་ཆོས་བརྒྱུད་སྲོལ་གཏོད་མཁན་རྗེ་ཙོང་ཁ་པ་བློ་བཟང་གྲགས་པ་ནི་མདོ་སྨད་་ཙོང་ཁའི་ཡུལ་དུ་སྐྱེས་ཤིང་། ཡུལ་དེ་ནི་དེང་སྐབས་རྒྱ་ནག་གཞུང་གིས་དབྱེ་བའི་མཚོ་སྔོན་ཞིང་ཆེན་ཁྱབ་ཁོངས་ཀྱི་སྐུ་འབུམ་དགོན་པ་ཆགས་ཡུལ་དེ་ཡིན་པ་མ་ཟད། ༸གོང་ས་༸སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་འཁུངས་ཡུལ་སྟག་འཚེར་གྲོང་ཚོ་དང་ཧ་ཅང་གི་ཐག་ཉེ་བོ་ཡིན་པ་རེད། ༸རྒྱལ་བ་རིན་པོ་ཆེ་སྐུ་འབུམ་ནས་ཕེབས་པ་དེ་ཡང་རྗེ་རིན་པོ་ཆེའི་སྤྲུལ་པ་ཡི་པ་བརྡ་བསྟན་པ་ཞིག་ཡིན་པ་༸གྲུབ་དབང་བྱ་བྲལ་༸ཉི་མ་རྒྱལ་མཚན་རིན་པོ་ཆེས་ལུང་བསྟན་མཛད་ཡོད་པ་ལོ་རྒྱུས་སྟེང་གསལ་ཡོད་ལ། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ད་བར་རྗེ་རིན་ཆེའི་བསྟན་པ་ལ་རླབས་ཆེན་གྱི་ཞབས་འདེགས་སྒྲུབ་དང་བསྒྲུབས་མུས་ཡིན་པ་རེད།་

བྱང་རྩེ་གྲྭ་ཚང་གི་དཔེ་ཁྲིད་དགེ་རྒན་དགེ་བཤེས་ལྷ་རམས་པ་དཔྱི་ས་དྲུང་ཆེན་སྤུལ་སྐུས། ད་རེས་མཇལ་ཁའི་སྐབས་༸གོང་ས་མཆོག་གིས། མགོན་པོ་གང་ཉིད་མཆོག་༸རྗེ་རིན་པོ་ཆེའི་རྣམ་སྤྲུལ་ཡིན་པ་ཞལ་བཞེས་ཧ་ལམ་མཛད་པ་ལྟ་བུ་གྱུར་སོང་བས། ཧ་ཅང་གི་སྐལ་བ་བཟང་པོ་ཡིན་ཞེས་འགྲེལ་བརྗོད་གནང་བྱུང་། གཞན་ཡང་འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་པོའི་ཡང་སྲིད་ངོས་འཛིན་གྱི་སྲོལ་ད་བར་བྱུང་མེད་ཀྱང་། ཁོང་གིས། སྲོལ་བཏོད་པའི་ཆེས་ཕུལ་དུ་བྱུང་བའི་དགའ་ལྡན་ཁྲི་བའི་བདག་གཉེར་དེ་ནི་དགའ་ལྡན་ཁྲི་ཐོག་དང་པོ་རྗེ་ཙོང་ཁ་བ་ཆེན་མོའི་ཁྲི་ལ་བཞུགས་མཁན་དང་དེའི་༸སྐུའི་སྐུ་ཚབ་དང་གསུང་གི་གསུང་ཚབ་དེ་ཡིན་པ་རེད།

 

གསར་འགོད་པ། བློ་བཟང་དགེ་ལེགས།
རྩོམ་སྒྲིག་པ།  བསྟན་འཛིན་འཕགས་སྒྲོན།
དྲྭ་ཐོག་སྤེལ་མཁན། བསྟན་འཛིན་འཕགས་སྒྲོན།

 

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎