༧གོང་ས་མཆོག་གིས་དགའ་ལྡན་ཁྲི་ཐོག་ཁང་དབུ་འབྱེད་གནང་བ།


2015.12.08
༧གོང་ས་མཆོག་དགའ་ལྡན་ཁྲི་ཐོག་ཁང་དབུ་འབྱེད་གནང་བར་ཕེབས་བཞིན་པ། ༢༠༡༥།༡༢།༨ ༧གོང་ས་མཆོག་དགའ་ལྡན་ཁྲི་ཐོག་ཁང་དབུ་འབྱེད་གནང་བར་ཕེབས་བཞིན་པ། ༢༠༡༥།༡༢།༨
ཀུན་བཟང་བསྟན་འཛིན།/RFA

དེ་ཡང་དེ་རིང་ཕྱི་ཟླ་༡༢ཚེས་༨ཉིན་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས༧སྐྱབས་མགོན་ཆེན་པོ་མཆོག་གིས། རྒྱ་གར་ལྷོ་ཕྱོགས་མོན་གྷོ་འདོད་རྒུ་གླིང་གཞིས་ཆགས་དགའ་ལྡན་གླིང་དུ་དགའ་ལྡན་ཁྲི་ཐོག་ཁང་དབུ་འབྱེད་དང་རབ་གནས་སྩལ་གནང་མཛད་ཡོད།
དགའ་ལྡན་ཁྲི་ཐོག་ཁང་ནི་འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་པོའི་རྒྱལ་ཚབ་དགའ་ལྡན་ཁྲི་རིན་པོ་ཆེའི་བཞུགས་གནས་དང་། ལས་ཁུངས་དེ་ཡིན་ཞིང་། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་དུས་ཡུན་རིང་པོ་ཞིག་ནས་དགེ་ལུགས་སྤྱི་ཡོངས་སུ་ཁྱབ་པའི་སྒྲིག་འཛུགས་ཞིག་དགོས་གལ་ཆེ་བ་དང་། ལྷག་པར་དུ་དགའ་ལྡན་ཁྲི་པ་རིམ་བྱོན་དེ་དག་ནི་འཇམ་མགོན་རྒྱལ་བའི་རྒྱལ་ཚབ་སྨོས་མེད་ཞིག་ཡིན་སྟབས་དགེ་ལུགས་པ་ཡོངས་ནས་དེར་བརྩི་བཀུར་ཆེ་བཞེས་དགོས་གལ་ཆེ་བའི་སྐོར་ཡང་ནས་ཡང་དུ་བཀའ་སློབ་ཕེབས་ཡོད་པ་རེད།
ད་ལྟའི་དགའ་ལྡན་ཁྲི་ཐོག་བརྒྱ་དང་གཉིས་པ་ནི་ལ་དྭགས་རྒྱལ་རིགས་པ་༧སྐྱབས་རྗེ་རིང་ཛོང་རིན་པོ་ཆེ་མཆོག་ཡིན་པ་དང་། བོད་ནང་དགའ་ལྡན་ཁྲི་ཐོག་ཁང་ཟེར་བ་ཞིག་ཡོད་ཀྱང་། རྒྱ་གར་དུ་བཙན་བྱོལ་དུ་ཕེབས་རྗེས་དགའ་ལྡན་ཁྲི་པ་རིམ་བྱོན་སྐུ་སྒེར་གྱི་བླ་བྲང་ལྟ་བུ་ཡོད་པ་ལས་ཁྲི་པའི་ལས་ཁུངས་ལྟ་བུའི་བསྟི་གནས་ཞིག་བྱུང་མེད་པ་རེད། དེར་བརྟེན་ད་ཐེངས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་སྐུ་ངལ་འཛེམས་མེད་ཀྱི་ཐོག་ནས། རྒྱ་གར་ལྷོ་ཕྱོགས་སྦེང་ལོར་གྲོང་ཁྱེར་ནང་གི་མཛད་འཆར་ཁག་ལེགས་གྲུབ་ཀྱིས་དེ་རིང་ཕྱི་ཚེས་༨ཉིན་མཁའ་ལམ་བརྒྱུད་མོན་གྷོ་འདོད་རྒུ་གླིང་བོད་མིའི་གཞིས་ཆགས་སུ་ཆེད་ཕེབས་ཀྱིས་ཁྲི་ཐོག་ཁང་དབུ་འབྱེད་གནང་པ་དང་། དེ་ཕྱོགས་སུ་ཉིན་གུང་ལྗགས་སྨིན་མཆོད་བཞེས་གྲུབ་རྗེས་སླར་ཡང་མཁའ་ལམ་བརྒྱུད་རྒྱ་གར་ལྷོ་ཕྱོགས་ཧོན་སུར་རབ་རྒྱས་གླིང་བོད་མིའི་གཞིས་ཆགས་སུ་ཆགས་པའི་དཔལ་ལྡན་རྒྱུད་སྨད་གྲྭ་ཚང་དུ་ཞབས་སོར་བདེ་བར་འཁོད་གནང་གྲུབ་ཡོད་པ་རེད།
སང་ཉིན་ཕྱི་ཚེས་༩ཉིན་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས། དད་ལྡན་མང་ཚོགས་ལ་རྗེ་རིན་པོ་ཆེས་མཛད་པའི་རྟོགས་བརྗོད་བདུན་ལེགས་མ་དང་རྟེན་འབྲེལ་བསྟོད་པ། ལྟ་ཁྲིད་དྲན་པ་བཞི་ལྡན་བཅས་ཀྱི་སྒོ་ནས་བཀའ་ཆོས་སྩོལ་རྒྱུ་དང་། ཕྱི་ཚེས་༡༠དང་༡༡ཉིན་གྲངས་གཉིས་རིང་དཔལ་གསང་བ་འདུས་པའི་དབང་ཆེན་སྩོལ་གནང་མཛད་རྒྱུ་ཡིན་པ་རེད།
དགའ་ལྡན་ཕོ་བྲང་གི་དྲ་རྒྱའི་ནང་གསལ་བ་ལྟར་ན། ཕྱི་ཚེས་༡༢ཉིན་སྨད་རྒྱུད་ཁྲི་ཆེན་བརྒྱད་ཀྱི་བཤད་ལུང་སྩོལ་རྒྱུ་དང་། ཕྱི་ཚེས་༡༣ཉིན་དཔལ་ལྡན་སྨད་རྒྱུད་གྲྭ་ཚང་ནས་༧སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་༧སྐུ་ཚེ་ཡུན་དུ་བརྟན་པའི་བརྟན་ཞུགས་བསྟར་འབུལ་ཞུ་རྒྱུ་བཅས་ཀྱི་མཛད་འཆར་ཡོད་པ་རེད།

གསར་འགོད་པ་སྤྱི་ཁྱབ་རྩོམ་སྒྲིག་པ་སྐལ་ལྡན་བློ་གྲོས།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་གཞུང་ངོས་ནས་རྒྱ་ནག་དང་ལྷན་ཚོང་འབྲེལ་གྲོས་མོལ་བྱས་ཚེ་རྒྱ་ནག་གིས་ཨ་རིའི་ཅ་དངོས་ཐོག་སྒོ་ཁྲལ་གུ་ཡངས་གཏང་རྒྱུ་ཡིན་པ་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་དང་རྒྱ་གར་གཉིས་གྲོས་མོལ་གྱིས། རྒྱ་གར་གྱི་གནས་སྐོར་བ་རྣམས་བོད་ནང་གངས་རིན་པོ་ཆེར་གནས་མཇལ་དུ་བསྐྱོད་རྒྱུ་བསྐྱར་དུ་སྒོ་འབྱེད་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎