རྒྱ་ནག་ཏུ་ནང་པ་ཤུགས་ཆེ་ཡོད་པ་དང་བོད་ཀྱི་ནང་ཆོས་ལ་དོ་སྣང་ཇེ་ཆེར་འགྲོ་བཞིན་ཡོད་པས།རྒྱ་ནག་ནང་ཐོས་བསམ་ཡ་མ་བྲལ་བར་ཡོང་ཐབས་བྱེད་དགོས་པ་ནི་ང་ཚོའི་ལས་འགན་རེད་ཅེས། ༧གོང་ས་མཆོག་གིས་བོད་མི་གཞོན་སྐྱེས་ཚོར་བཀའ་གནང་ཡོད་པ།
བོད་མིའི་དབུ་ཁྲིད་༧གོང་ས་མཆོག་གིས་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ། རྡ་རམ་ས་ལ་ནང་ཆོས་ངོ་སྤྲོད་ཚོགས་ཆུང་གིས་གསོལ་འདེབས་ཞུས་དོན་བཞིན།བོད་རིགས་གཞོན་སྐྱེས་ཚོར་ནང་ཆོས་ངོ་སྤྲོད་གནང་བཞིན་པའི་ཉིན་གཉིས་པ་སྟེ་སྤྱི་ཟླ་༦པའི་ཚེས་༤ཉིན་མོར། མགོན་པོ་མཆོག་གིས་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པའི་སེམས་བསྐྱེད་ཀྱི་གདམས་པ་ཞིག་སྩལ་བ་དང་ཆབས་ཅིག བོད་རིགས་སློབ་ཕྲུག་ཚོས་རྟགས་བསལ་གྱི་ལམ་ནས་བརྒལ་བརྟག་གནང་བར་བསྔགས་བརྗོད་དང་འབྲེལ།རྒྱ་ནག་ནང་དེང་སང་ནང་པ་ཤུགས་ཆེ་ཡོད་པ་དང་བོད་ཀྱི་ནང་ཆོས་ལ་དོ་སྣང་ཇེ་ཆེར་འགྲོ་བཞིན་པ་མ་ཟད། འཛམ་གླིང་ཤར་ནུབ་ལྷོ་བྱང་གང་སར་བོད་ཀྱི་ནང་ཆོས་ལ་དོ་སྣང་ཡོང་གི་ཡོད་པས། རིགས་ལམ་གྱིས་རྩོད་པ་གནང་རྒྱུ་ཧ་ཅང་གལ་ཆེན་ཡིན་པའི་ཁར།རྒྱ་ནག་ནང་ཐོས་བསམ་ཡ་མ་བྲལ་བར་ཡོང་ཐབས་བྱེད་དགོས་པ་ནི་བོད་མི་ཚོའི་ལས་འགན་ཡིན་པ་སོགས་ལམ་སྟོན་གནང་གི་འདུག
ཡང་ཁོང་གིས་ནང་བའི་ཆོས་ཀྱི་གཏན་ཚིགས་རིག་པའི་ཐོག་ནུབ་ཕྱོགས་རྒྱལ་ཁབ་ཁག་དེ་སྔ་ནང་ཆོས་ལ་འབྲེལ་བ་ཁྱོན་ནས་མེད་པ་ཚོའི་ནང་དུའང་། ཕལ་ཆེར་དོ་སྣང་གསར་པ་ཞིག་སླེབས་ཀྱི་ཡོད་པས། བོད་ཀྱི་ཆོས་དང་རིག་གཞུང་ནཱལེན་དྲ་ནས་བརྒྱུད་བསྡད་པར་བདག་པོ་ཡག་པོ་བརྒྱབ་རྒྱུ་ནི་ང་ཚོའི་ལས་འགན་རེད་ཅེས་བཀའ་གནང་གི་འདུག
རྡ་རམ་ས་ལ་ནང་ཆོས་ངོ་སྤྲོད་ཚོགས་ཆུང་གི་ཚོགས་གཙོ་དགེ་བཤེས་བློ་བཟང་གྲགས་པ་ལགས་ནས།ཟབ་མོ་སྟོང་ཉིད་དང་བྱང་ཆུབ་ཀྱི་སེམས་སྒོམ་པ་ནི་ཆོས་ཀྱི་སྙིང་པོ་ཆགས་ཀྱི་ཡོད་པར་བརྟེན། གཞུང་ལུགས་རྒྱ་ཆེན་པོར་བལྟ་མི་དགོས་པར་སྙིང་པོ་བཅུད་བསྡུས་ཀྱི་སྒོ་ནས་ཚང་མས་ཉམས་ལེན་བྱ་བདེ་བ། དབུ་མའི་ལྡེ་མིག་གི་དེབ་འདི་༧གོང་ས་མཆོག་ཉིད་ནས་ལྗགས་རྩོམ་གནང་སྟེ་གནད་འགག་ཆེན་པོ་ཆགས་ཡོད་པ་དང་།མགོན་པོ་གང་ཉིད་ནས་བཀའ་ཁྲིད་གནང་བ་ནི་ཧ་ཅང་བསྐལ་བ་བཟང་པོ་རེད་ཅེས་འགྲེལ་བརྗོད་གནང་གི་འདུག
བོད་མིའི་དབུ་ཁྲིད་༧གོང་ས་མཆོག་གི་བོད་རིགས་གཞོན་སྐྱེས་ཚོར་སྩལ་བའི་གསུང་ཆོས་འདིར། སློབ་གྲྭ་ཆེ་ཆུང་དང་མཐོ་སློབ་ཁག་བཅས་ནས་ཡོང་བ་བོད་རིགས་སློབ་ཕྲུག་ཆིག་སྟོང་ཉིས་བརྒྱ་བརྒལ་བ་དང་། ཡོ་རོབ་དང་ཨུ་རུ་སུ། ལྷོ་བྱང་ཨ་མི་རི་ཀ་དང་ཨེ་ཤེ་ཡ་སོགས་ཀྱི་ཕྱི་རྒྱལ་མི་རིགས་དང་བོད་མི། རྒྱ་གར་བ་སོགས་ལྔ་སྟོང་བརྒལ་བ་ཆེད་བཅར་གནང་ཡོད་པ་རེད།
གསར་འགོད་པ། བློ་བྷེ།
རྩོམ་སྒྲིག་པ། བསྟན་འཛིན་དོན་ཡོན།