མ་འོངས་༧གོང་ས་མཆོག་གི་ཡང་སྲིད་ཐད་རྒྱ་ནག་གཞུང་ལ་ཐེ་ཇུས་བྱེད་དབང་མེད།

སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཀོ་རི་ཡའི་དད་ལྡན་ཆོས་ཞུ་བར་ཆོས་འབྲེལ་སྐབས། ༢༠༡༩།༡༡།༦
སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཀོ་རི་ཡའི་དད་ལྡན་ཆོས་ཞུ་བར་ཆོས་འབྲེལ་སྐབས། ༢༠༡༩།༡༡།༦ (RFA)

མ་འོངས་༧གོང་ས་མཆོག་གི་ཡང་སྲིད་ཐད་རྒྱ་ནག་གཞུང་ལ་ཐེ་ཇུས་བྱེད་དབང་མེད་པ་ཡོ་རོབ་ཀྱི་རྒྱལ་ཁབ་ཁག་ཅིག་གིས་གསལ་སྟོན་གནང་འདུག
རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་གནས་ཚུལ་སྤེལ་བར་གཞིགས་ན། ཡོ་རོབ་ཀྱི་རྒྱལ་ཁབ་བྷེལ་ཇེམ་(Belgium)་དང་ནེ་དྷར་ལེན་ཊི་(Netherland)་གཉིས་ཀྱིས། མ་འོངས་༧གོང་ས་རྒྱལ་བ་རིན་པོ་མཆོག་གི་ཡང་སྲིད་དེ་བཞིན་བོད་མི་ནང་ཆོས་རྗེས་འབྲངས་པ་ཚོས་ཐག་གཅོད་བྱེད་རྒྱུ་ཞིག་ལས་རྒྱ་ནག་གཞུང་གིས་དེའི་ཐད་ཐེ་ཇུས་བྱེད་རྒྱུར་ངོས་ལེན་མེད་པ་གསལ་སྟོན་གནང་འདུག
བྷེལ་ཇེམ་(Belgium)་གྱི་ཕྱི་འབྲེལ་དང་བདེ་སྲུང་བློན་ཆེན་(Philippe Goffin)་ལགས་ཀྱིས། ཟླ་བ་སྔོན་མར་གྲོས་ཚོགས་འཐུས་མི་ཞིག་གིས་སྐུའི་ཡང་སྲིད་ཀྱི་གནད་དོན་དང་འབྲེལ་བའི་གཞུང་གི་ལང་ཕྱོགས་སྐོར་འདྲི་རྩད་བྱས་བར་ལན་འདེབས་གནང་དོན། ཏཱ་ལའི་བླ་མའི་མ་འོངས་ཡང་སྲིད་ཐད་ཆབ་སྲིད་ཀྱི་ཐེ་ཇུས་མེད་པའི་ཐོག་བོད་མིའི་ཆོས་སྡེ་ཁག་གིས་ཐག་གཅོད་ཀྱིས་བསྐོ་བཞག་བྱེད་ན་རྒྱུ་མཚན་ལྡན་པ་ཞིག་རེད་ཅེས་གསུངས་འདུག
དེ་བཞིན་ནེ་དཧྲ་ལེན་ཊི་(Netherland)་གཞུང་གི་ཕྱི་འབྲེལ་བློན་ཆེན་(Stef Blok)་གིས་ང་ཚོའི་གཞུང་གིས་ལངས་ཕྱོགས་ནི་ཏཱ་ལའི་བླ་མའི་མ་འོངས་པའི་ཡང་སྲིད་དེ་བོད་མི་ནང་ཆོས་རྗེས་འབྲངས་པ་ཚོས་ཐག་གཅོད་གནང་རྒྱུ་ལས་ཐབས་གཞན་མེད་པ་རེད་ཅེས་ལོ་སྔོན་མའི་ལོ་མཇུག་ཏུ་གསུངས་གནང་འདུག
ཨ་མི་རི་ཀའི་ཕྱི་སྲིད་ལས་ཁུངས་ཀྱི་རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཚོགས་ཀྱི་སྐུ་ཚབ་ཆེན་མོ་སྐུ་ཞབས་(Sam Brownback)་མཆོག་གིས། མ་འོངས་༧གོང་ས་མཆོག་གི་ཡང་སྲིད་ཀྱི་གནད་དོན་དེ་བོད་མི་དང་༧གོང་ས་མཆོག་རང་ལས་རྒྱ་ནག་ལ་ཐེ་ཇུས་བྱེད་དབང་མེད་པ་ཡང་ཡང་གླེང་ཡོད་པ་མ་ཟད། དེར་རྒྱ་ནག་གཞུང་གིས་བརྩི་འཇོག་དགོས་བ་གསལ་བསྒྲགས་སྤེལ་ཡོད་པ་རེད། ད་དུང་ཨ་རིའི་གྲོས་ཚོགས་འོག་མའི་ནང་ཉེ་ལམ་ཨ་རིའི་བོད་དོན་སྲིད་ཇུས་དང་རྒྱབ་སྐྱོར་ཁྲིམས་འཆར་གསར་པ་༢༠༢༠་གཏན་འབེབས་ཀྱིས་༧གོང་ས་མཆོག་གིས་མ་འོངས་ཡང་སྲིད་ཐད་ཐེ་ཇུས་བྱེད་མཁན་རྒྱ་ནག་གི་དཔོན་རིགས་ཚོར་ཉེས་ཆད་གཏོང་རྒྱུ་སོགས་གསུངས་ཡོད་རེད།