ཨ་རིའི་སིལ་སྤོལ་རྩེད་འགྲན་པ་ཨ་ནེསི་ཁན་ཊར་གྱིས་༧གོང་ས་མཆོག་དང་དྲ་ལམ་ནས་མཇལ་ཁ་ཞུས་འདུག

དེ་ཡང་༧གོང་ས་མཆོག་དང་མཇལ་ཁ་འདི་ཚེས་༢༣་ཉིན་ཞུས་འདུག་ལ། དེའི་ཐད་ཁོང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་ལ་ཡིག་ཐོག་བཀའ་ལན་གནང་པའི་ནང་། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་དང་མཇལ་ཁ་ཞུ་རྒྱུ་བྱུང་བ་ནི་དོན་དམ་གྱི་སྐལ་བཟང་གོ་སྐབས་ཤིག་དང་ཆེ་མཐོང་ལྡན་པ་ཞིག་བྱུང་། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ནི། ཀུན་ལ་གུས་བརྩི་གནང་མཁན་ཞིག་དང་། ཐུགས་སྟོབས་དང་ལྡན་ཞིང་ཐུགས་རྒྱུད་དྲང་ལ། ཐུགས་བརྩེ་ལྡན་ཞིང་དགོངས་པ་ཟབ་པ་ཞིག་ཡིན་ལ། ངས་ཁོང་ལ་མོས་གུས་ཆེན་པོ་ཞུ་གི་ཡོད་ཅེས་གསུངས་འདུག
ད་དུང་ཁོང་གིས། གལ་ཏེ། འཛམ་གླིང་གི་འགོ་ཁྲིད་ཚོས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་འགྲོ་བ་མི་གཅིག་གྱུར་གྱི་འདུ་ཤེས་འཛིན་དགོས་པ་དང་། གཞན་ཕན་དང་སྙིང་རྗེ་གཞི་རྩར་བཟུང་བའི་ཐོག་ནས་འགྲོ་བ་མི་སྤྱི་ཡོངས་ཀྱི་ཁེ་ཕན་ཆེད་མཉམ་ལས་བྱེད་དགོས་པའི་ལམ་སྟོན་གནང་བཞིན་པར་ཉན་འཇོག་ཞུས་ཚེ་འཛམ་གླིང་ནང་དམག་ཁྲུག་ལ་སོགས་པའི་དཀའ་རྙོག་མི་ཡོང་ལ། མཐར་ཞི་བདེ་ལྡན་པའི་འཛམ་གླིང་ཞིག་ཡོང་ངེས་རེད་ཅེས་དང་། མཐའ་དོན་ཁོང་གི་མི་ཚེ་འདིའི་ནང་འཛམ་གླིང་མི་མང་གིས་རང་དབང་ལྡན་པའི་བོད་ཞིག་མཐོང་ཐུབ་རྒྱུར་རེ་བ་ཡོད་ཅེས་བྲིས་འདུག
ཁོང་གིས་༧གོང་ས་མཆོག་དང་མཇལ་བའི་གནས་ཚུལ་དེ་ངོ་དེབ་སོགས་སྤྱི་ཚོགས་བརྒྱུད་ལམ་ཁག་ཏུ་ཡོངས་ཁྱབ་འགྲེམས་སྤེལ་གནང་ནས། ཁོང་གིས་༧གོང་ས་ཏཱ་ལའི་བླ་མ་མཆོག་དང་མཇལ་ཁ་བྱུང་བར་ཧ་ཅང་གི་དགའ་སྤོབས་བྱུང་བ་དང་། འཛམ་གླིང་འདི་འཛམ་གླིང་གི་འགྲོ་བ་མིའི་རིགས་ཡོངས་ལ་བདག་པ་ལས་འགོ་ཁྲིད་ཚོར་བདག་པ་ཞིག་མ་རེད་ཅེས་པའི་འབོད་ཚིག་བྲིས་ནས། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཁོང་ལ་རྒྱབ་སྐྱོར་དང་མཛའ་བརྩེ་ཆེན་པོ་གནང་པར་ཐུགས་རྗེ་ཆེ་ཞུས་གནང་འདུག
སིལ་སྤོལ་རྩེད་མོ་བ་(Enes Kanter Freedom)་ལགས་ནི་འགྲོ་བ་མིའི་ཐོབ་ཐང་སྤྱི་དང་། ལྷག་པར་དུ་རྒྱ་ནག་གི་བཙན་གནོན་འོག་ཡོད་པའི་བོད་དང་། ཤར་ཏུར་ཀིསི་ཐན། དེ་བཞིན་ཧོང་ཀོང་དང་ལྷོ་སོག་པོ་ལ་སོགས་པའི་མི་རིགས་ཀྱི་འཐབ་རྩོད་ལ་རྒྱབ་སྐྱོར་ཤུགས་ཆེ་གནང་མཁན་ཞིག་ཡིན་པ་དང་། ད་རེས་ཀྱི་མཇལ་ཁ་འདི་ནི་ཁོང་གིས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དང་ཟུར་མཇལ་ཞུས་པ་ཐེངས་མ་དང་པོ་དེ་ཡིན་པ་རེད།
གསར་འགོད་པ། སྐལ་ལྡན་བློ་གྲོས།
དྲ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།