བོད་ཀྱི་དབུ་ཁྲིད་༧གོང་ས་མཆོག་གིས་སའི་གོ་ལ་དང་ཁོར་ཡུག་གཅེས་སྲུང་དགོས་བའི་རེ་སྐུལ་གསུང་འཕྲིན་བསྩལ།
སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་མཛེས་སྡུག་ལྡན་པའི་གོ་ལ་འདི་གཅེས་སྲུང་ཆེད་བཟང་ཕྱོགས་ཀྱི་འགྱུར་བ་གཏོང་ཐབས་སུ་རང་རང་གི་འཁོས་བབ་དང་བསྟུན་ཏེ་འབད་བརྩོན་བྱ་རྒྱུའི་དམ་བཅའ་འཇོག་དགོས་པ་རེ་སྐུལ་གནང་འདུག
སྤྱི་ཟླ་༤པའི་ཚེས་༢༢ཉིན་ཏེ་སའི་གོ་ལའི་ཉིན་མོ་དང་བསྟུན། བོད་ཀྱི་བླ་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་སའི་གོ་ལ་གཅེས་སྲུང་ཐད་གདོང་ལེན་བྱེད་དགོས་པའི་དཀའ་ངལ་དང་། གོ་སྐབས་གཉིས་ཀར་དོ་སྣང་གནང་དགོས་པའི་རེ་སྐུལ་གྱི་གསུང་འཕྲིན་ཞིག་བསྩལ་འདུག་པ་དེའི་ནང་། སའི་གོ་ལ་འདི་ནི་ང་ཚོའི་ཨ་མ་དང་འདྲ་སྟེ། བུ་ཕྲུག་རྣམས་ཨ་མ་ལ་བརྟེན་པ་དང་མཚུངས་པར་ང་ཚོའང་གོ་ལ་འདིར་བརྟེན་ནས་འཚོ་བསྡད་ཡོད། གོ་ལའི་ཚ་དྲོད་རྒྱས་བཞིན་པ་དང་། རང་བྱུང་གི་འབྱུང་ཁམས་ཉམས་རྒུད་དུ་སོང་སྟེ་འཛམ་གླིང་སྤྱི་ལ་དཀའ་ངལ་འཕྲད་པའི་དུས་སྐབས་འདིར་ཚོགས་སྒེར་བྱེ་བྲག་པ་དང་། རྒྱལ་ཁབ་རེ་ཟུང་ཞིག་གིས་ཕན་རླབས་ཐོན་དཀའ་བས། ང་ཚོས་མཉམ་རུབ་ཀྱིས་ལས་དོན་མ་སྒྲུབ་པར་ཐབས་ལམ་གཞན་རྙེད་དུ་མེད། མ་ཡུམ་གོ་ལ་འདིས་ཀྱང་གཅིག་གྱུར་གྱི་འདུ་ཤེས་སློབ་སྟོན་བྱེད་ཀྱི་ཡོད་ཅེས་གསུང་འཕྲིན་བསྩལ་འདུག
ད་དུང་གསུང་འཕྲིན་དེའི་ནང་། “ཆུའི་དཀའ་ངལ་ལྟ་བུ་ལ་མཚོན་ན། སྔར་དང་མི་འདྲ་བར་འཛམ་གླིང་གི་ས་ཕྱོགས་གང་སར་མི་མང་སྤྱི་དང་། ལྷག་པར་དུ་མ་དང་བྱིས་པ་རྣམས་ལ་ཆུས་མི་འདེང་བ་སོགས་ཀྱིས་འཕྲོད་བསྟེན་ལ་དཀའ་ངལ་ཆེ་བ་དང་། དཀའ་ངལ་འདི་དག་ལྡོག་ཐབས་ཡོད་པ་ཞིག་ཡིན་ཡང་། འཛམ་གླིང་སྤྱིའི་མི་འབོར་ཐེར་འབུམ་གཉིས་ཙམ་ལ་གཞི་རྩའི་མཐུན་རྐྱེན་འདེང་ངེས་མེད་པའི་དཀའ་ངལ་འདི་རིགས་འཕྲད་བཞིན་པ་ནི་སེམས་འཚབ་སྐྱེ་གཞི་ཞིག་ཡིན། མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྤྱི་ཁྱབ་དྲུང་ཆེས་རྒྱལ་སྤྱིའི་ཁྱོན་ཡོངས་ནས་ཁོར་ཡུག་སྲུང་སྐྱོབ་ཀྱི་ལས་འགུལ་ཛ་དྲག་ངང་སྤེལ་དགོས་པའི་སྐུལ་མ་གནང་བ་ལ་ཡི་རངས་ཡོད་ཅེས་དང་། དེ་རིང་གོ་ལའི་ཉིན་མོར། རང་ཅག་ཐུན་མོང་གི་ཁྱིམ་གཞི་ལྟ་བུའི་མཛེས་སྡུག་ལྡན་པའི་གོ་ལ་འདིར་བཟང་ཕྱོགས་ཀྱི་འགྱུར་བ་གཏོང་ཐབས་སུ་རང་རང་གི་འཁོས་བབ་དང་བསྟུན་ཏེ་འབད་བརྩོན་བྱ་རྒྱུའི་དམ་བཅའ་འཇོག་དགོས་པའི་རེ་སྐུལ་ཞུ་རྒྱུ་ཡིན”ཞེས་གསུང་འཕྲིན་བསྩལ་ཡོད་པ་རེད།
ཡང་དེ་དང་ཕྱོགས་མཚུངས་བོད་མཐོ་སྒང་ནི་འཛམ་གླིང་ནང་གི་གངས་རི་མང་ཤོས་ཀྱི་ས་ཁུལ་ཞིག་ཡིན་པ་དང་། ལྷག་པར་དུ་གོ་ལའི་གནམ་གཤིས་འགྱུར་ལྡོག་གི་གནས་སྟངས་དེ་ཡང་དག་པ་ཞིག་རྟོགས་པར་བོད་མཐོ་སྒང་གི་ཁོར་ཡུག་གི་གནས་སྟངས་རྟོགས་དགོས་པ་དེང་གི་ཚན་རིག་པ་འགའ་ཡིས་འགྲེལ་བརྗོད་བྱེད་ཀྱི་ཡོད་ཅིང་། བོད་དེ་སའི་གོ་ལའི་དཀྱིལ་ཐིག་དང་བར་ཐག་ཉེ་ཞིང་། ས་མཐོ་བའི་ཁར་གཞི་རྒྱ་ཆེ་བའི་ས་ཞིང་ལྡན་པ་མ་ཟད། གངས་རི་མང་པོ་ཡོད་པའི་རྒྱུ་མཚན་སོགས་ལ་བརྟེན་ནས་བོད་མཐོ་སྒང་གི་གནམ་གཤིས་ལ་འགྱུར་ལྡོག་གང་ཕྱིན་པ་དེས་འཛམ་གླིང་གི་ཚ་དྲོད་རྒྱས་པར་ཤུགས་རྐྱེན་ཆེན་པོ་ཐེབས་ཀྱི་ཡོད་པ་བོད་ཀྱི་ཁོར་ཡུག་ཉམས་ཞིབ་པ་ཛམ་ལྷ་བསྟན་པ་རྒྱས་མཚན་ལགས་ཀྱིས་འགྲེལ་བརྗོད་གནང་སོང་།
འཛམ་གླིང་གནམ་གཤིས་དཔྱད་རིག་ཚོགས་པས་༢༠༢༡ སྤྱི་༤པའི་ཚེས་༡༩ཉིན་གོ་ལའི་ཚ་དྲོད་དང་གནམ་གཤིས་འགྱུར་ལྡོག་དང་འབྲེལ་བའི་སྙན་ཐོ་ཞིག་འདོན་སྤེལ་གནང་བའི་ནང་། ༢༠༢༠ལོའི་འཛམ་གླིང་གནམ་གཤིས་འགྱུར་ལྡོག་གི་གནས་སྟངས་ཇེ་ཞན་ཇེ་སྡུག་ཏུ་སོང་ཡོད་པ་གསལ་སྟོན་བྱས་འདུག་པ་མ་ཟད། འདས་པའི་ལོ་ཟླའི་ནང་༢༠༢༠ལོ་དེ་བཞིན་ལོ་རྒྱུས་ཐོག་ནས་གོ་ལའི་ཚ་དྲོད་མང་ཤོས་འཕེལ་བའི་ལོའི་གྲས་ཤིག་ཡིན་པ་གསལ་སྟོན་དང་། ༢༠༡༡ ནས་༢༠༢༠བར་གྱི་ལོ་བཅུ་ཕྲག་གཅིག་དེ་འཛམ་གླིང་གི་ལོ་རྒྱུས་ཐོག་ནས་ཚ་དྲོད་མང་ཤོས་རྒྱས་པའི་དུས་ཡུན་ཞིག་ལ་ངོས་འཛིན་གནང་འདུག
འཛམ་གླིང་གནམ་གཤིས་དཔྱད་རིག་ཚོགས་པའམ་(World Meteorological Organization)ཞེས་པའི་ཚོགས་པ་དེ་ནི། འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དམིགས་བསལ་ངོ་ཚབ་མཚོན་ཐུབ་པའི་ཚོགས་པ་ཞིག་ཤིག་ཡིན་པ་དང་། དེའི་དམིགས་ཡུལ་གཙོ་བོ་ནི། གནམ་གཤིས་རིག་པ། བར་སྣང་གི་ཚན་རིག ས་གཞིའི་དངོས་ཁམས་རིག་པ་སོགས་དང་འབྲེལ་བའི་ཐོག་ནས་རྒྱལ་སྤྱིའི་འབྲེལ་ལམ་ཇེ་བཟང་དུ་གཏོང་རྒྱུ་དང་རྒྱབ་སྐྱོར་གནང་རྒྱུ་དེ་ཡིན་འདུག་པ་དང་། ཚོགས་པ་དེས་བཏོན་པའི་སྙན་ཐོ་དེའི་ནང་། འགྲོ་བ་མིའི་བྱེད་སྒོ་ཁག་ལས་བྱུང་བའི་ཚ་དྲོད་བརྒྱ་ཆ་ ༩༠ ་ལྷག་རྒྱ་མཚོ་ཡིས་འཇིབ་པའམ། ཡང་ན་རྒྱ་མཚོའི་ནང་འཐིམ་འགྲོ་གྱི་ཡོད་པ་བརྗོད་འདུག་ཅིང་། འདས་པའི་༢༠༡༩ལོ་དེ་བཞིན་རྒྱ་མཚོའི་ཚ་ཚད་མཐོ་ཤོས་དེ་ཡིན་པའི་ཁར། ༢༠༢༠་ལོའི་ནང་དུ་ཡང་དེ་ལྟར་མུ་མཐུད་རྒྱ་མཚོའི་ཚ་ཚད་ཕལ་ཆེར་མཐོ་པོའི་ངང་གནས་ཡོད་པ་གསལ་སྟོན་བྱས་འདུག་པ་དང་། ད་དུང་ཕྱི་ལོ་ ༢༠༢༠ ་ལོའི་ནང་དུ། རྒྱལ་སྤྱིའི་རྒྱ་མཚོའི་བརྒྱ་ཆ་༨༠ ་ལྷག་གིས་ཚ་རླབས་གསར་བ་ཞིག་ཉམས་སུ་མྱོང་ཡོད་པ་སྙན་ཐོའི་ནང་གསལ་འདུག་ལ། (Greenland)ས་ཁུལ་དང་འཛམ་གླིང་གི་ལྷོ་སྣེ་གླིང་ཆེན་ཏེ་(Antarctica)བཅས་ས་ཁུལ་དེ་དག་གི་འཁྱག་རོམ་གྱི་བཞུ་ཚད་ཇེ་མགྱོགས་སུ་སོང་བའི་རྐྱེན་གྱིས་ཉེ་བའི་ཆར་རྒྱ་མཚོའི་ཆུ་ཚད་མཐོ་རུ་ཕྱིན་ཡོད་པ་གསལ་སྟོན་བྱས་འདུག
ད་དུང་སྙན་ཐོ་དེའི་ནང་། ཀོཝིཌ་༡༩་ཏོག་དབྱིབས་རིམས་ནད་དང་། གནམ་གཤིས་འགྱུར་ལྡོག་དང་འབྲེལ་བའི་གོད་ཆག་ཁག་སྟེ། ཆུ་ལོག་དང་། དྲག་ཆར། དེ་བཞིན་ཆར་ཆུ་དུས་སུ་མ་བབས་པར་ལོ་ཏོག་ལ་གནོད་སྐྱོན་བྱུང་བ་སོགས་ཀྱི་དབང་གིས་༢༠༢༠ལོའི་ནང་འཛམ་གླིང་མི་མང་ས་ཡ་༥༠ལྷག་ལ་ཤུགས་རྐྱེན་ཆེན་པོ་ཐེབས་ཡོད་པ་ཚོད་དཔག་གནང་འདུག
ཡང་གོང་ཞུས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་གསུངས་འཕྲིན་དེའི་ནང་། གཅིག་ལ་གཅིག་བརྟེན་ནི་དངོས་པོའི་ཆོས་ཉིད་ཡིན་ལ། ཆོས་ཉིད་འདི་མ་རྟོགས་པའི་དབང་གིས་རང་བྱུང་ཁོར་ཡུག་ཙམ་དུ་མ་ཟད། འགྲོ་བ་མིའི་སྤྱི་ཚོགས་ལའང་གནོད་སྐྱོན་ཆེན་པོ་བཏང་ཡོད་པས། རང་རེའི་འགྲོ་བ་མིས་ངེས་པར་དུ་གཅིག་གྱུར་གྱི་འདུ་ཤེས་སྤེལ་དགོས་པ་དང་། རང་གཞན་ཚང་མས་རང་ཉིད་གཅིག་པུ་དང་། ཁྱིམ་ཚང་། རྒྱལ་ཁབ་བྱེ་བྲག་པ་ལྟ་བུར་ཕྱོགས་ནས་མ་བསྡད་པར་འགྲོ་བ་མི་སྤྱིའི་བདེ་དོན་ལ་བསམ་བློ་གཏོང་དགོས། འདི་དང་འབྲེལ་བ་ཡོད་པ་ཞིག་ལ་ཨ་རིའི་སྲིད་འཛིན་འཇོ་སྦཡེཌན་(Biden)གྱིས་གོ་སྒྲིག་གནང་ནས་གོ་ལའི་ཉིན་མོ་དང་བསྟུན། འཛམ་གླིང་གི་དབུ་ཁྲིད་རྣམ་པས་ཁོར་ཡུག་གི་དཀའ་ངལ་ཐད་བགྲོ་གླེང་གནང་རྒྱུ་ཡིན་པ་ལ་དགའ་བསུ་ཡོད་ཅེས་བཀའ་བསྩལ་འདུག
ཡང་གོ་ལའི་གནམ་གཤིས་འགྱུར་ལྡོག་གི་གནད་དོན་དེའི་ཐད། རྒྱ་གར་ལྷོ་ཕྱོགས་སུ་ཡོད་པའི་ཁོར་ཡུག་ཉམས་ཞིབ་པ་དང་། ཁོར་ཡུག་སྲུང་སྐྱོབ་ལྟེ་གནས་ཁང་ངམ་(Suri Sehgal Centre for Biodiversity and Conservation)ཞེས་པའི་ལྟེ་གནས་ཁང་གི་ཉམས་ཞིབ་པ་སྐུ་ཞབས་(Sidhartha Krishnan)ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་ན། ལོ་རྒྱུས་ཐོག་ནས་ཨ་རི་གཙོས་པའི་འཛམ་གླིང་གི་ཡར་ཐོན་རྒྱལ་ཁབ་དེ་དག་ལ་གོ་ལའི་གནམ་གཤིས་འགྱུར་ལྡོག་ཐད་འགན་འཁྲི་ཆེན་པོ་ཡོད་ལ། ཕྱོགས་གཞན་ཞིག་ནས་གནམ་གཤིས་འགྱུར་ལྡོག་ལ་གདོང་ལེན་ཡོང་བར་ནུས་པ་དང་འབྱོན་ཐང་ཆེ་བའི་འགོ་ཁྲིད་རིགས་ང་ཚོར་དགོས་གལ་ཆེ་བས། ཉེ་ལམ་ཨ་རིའི་སྲིད་འཛིན་འཇོ་སྦཡེཌན་གྱིས་ཐུགས་སྣང་གིས་གོ་ལའི་གནམ་གཤིས་འགྱུར་ལྡོག་དང་འབྲེལ་བའི་ཚོགས་འདུ་དང་ལས་དོན་གཉེར་བ་ནི་ཡར་རྒྱས་དང་བཟང་ཕྱོགས་ཀྱི་རྣམ་པ་ཞིག་ཡིན་པ་འཛམ་གླིང་ཁྱོན་ཡོངས་ལ་བརྡ་ལན་སྤྲད་པ་རེད་ཅེས་འགྲེལ་བརྗོད་གནང་སོང་།
སའི་གོ་ལའི་ཉིན་མོ་ནི། སྤྱི་ལོ་ ༡༩༧༠ ལོར་ཨ་མི་རི་ཀར་ཐོག་མར་སྲུང་བརྩི་ཞུས་ཡོད་ཅིང་། རིམ་བཞིན་འཛམ་གླིང་ཁྱོན་ཡོངས་སུ་རྒྱ་ཁྱབ་ཏུ་སོང་སྟེ། ད་སྐབས་འཛམ་གླིང་གི་རྒྱལ་ཁབ་༡༩༠ལྷག་གི་ནང་ཉིན་འདིར་ཁོར་ཡུག་ལ་གཅེས་འཛིན་དང་སྲུང་སྐྱོབ་དགོས་པའི་དྲན་གསོ་གྱི་ཉིན་མོ་སྲུང་བརྩི་བྱས་དང་བྱེད་མུས་ཡིན་པ་རེད།