༸གོང་ས་མཆོག་ཐའི་དབན་དུ་ཆིབས་བསྒྱུར་གནང་འདོད་ཡོད་པ།

སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཐའི་དབན་དུ་བསྐྱར་དུ་ཆིབས་བསྒྱུར་གནང་རྒྱུའི་ཐུཌ་འདོད་ཡོད་པ་བཀའ་གནང་ཡོད་པའི་གནས་ཚུལ།

༄༅༎བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་༸སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཐའི་དབན་ནང་བསྐྱར་དུ་ཆིབས་བསྒྱུར་གནང་རྒྱུའི་ཐུགས་འདོད་ཆེན་པོ་ཡོད་པ་བཀའ་གནང་ཡོད་པའི་སྐོར་གནས་ཚུལ་ཐོན་འདུག

ཐའི་དབན་ནས་ཨེ་ཨེཕ་པི་གསར་ལས་ཁང་གིས་གནས་ཚུལ་སྤེལ་དོན་ལྟར་ན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཉེ་དུས་རྒྱ་གར་ནང་ཐའི་དབན་གྱི་བརྙན་འཕྲིན་ལས་ཁང་ཨེཕ་ཊི་བི་ཞེས་པའི་ཀེ་ལྦལ་བརྙན་འཕྲིན་གྱིས་བཅར་འདྲི་ཞུས་སྐབས་དེ་སྔ་ཕྱི་ལོ་ཆིག་སྟོང་དགུ་བརྒྱ་དགུ་བཅུ་གོ་བདུན་དང་ཉིས་སྟོང་གཅིག་ལོར་ཐའི་དབན་ནང་ཆིབས་བསྒྱུར་གནང་སྐབས་རྒྱ་ནག་གཞུང་གིས་སྐྱོན་བརྗོད་བྱེད་མིན་ལ་མ་ལྟོས་པར་ཐའི་དབན་ནང་བསྐྱར་དུ་ཆིབས་བསྒྱུར་གནང་རྒྱུའི་ཐུགས་འདོད་ཆེན་པོ་ཡོད་ལུགས་བཀའ་གནང་ཡོད་པ་དང་དེ་བཞིན་སྔ་ལོ་རྡ་རམ་ས་ལར་ཡང་ས་གནས་ཀྱི་གསར་འགོད་པ་གཅིག་གིས་བཀའ་འདྲི་ཞུས་སྐབས་༸གོང་ས་མཆོག་ཐའི་དབན་ནང་ཆིབས་བསྒྱུར་གནང་རྒྱུའི་ཐུགས་འདོད་ཡོད་པའི་སྐོར་བཀའ་གནང་ཡོད་པ་ཡང་ལུངས་འདྲེན་བྱས་འདུག

འོན་ཀྱང་ཐའི་དབན་གྱིས་སྲིད་འཛིན་མྰ་ཡིང་ཇུ་མཆོག་གིས་རྒྱ་ནག་དང་ཐའི་དབན་གྱི་འབྲེལ་ལམ་བཟང་དུ་འགྲོ་བཞིན་པའི་སྐབས་འདིར་༸གོང་ས་མཆོག་ཐའི་དབན་ནང་ཆིབས་བསྒྱུར་གནང་རྒྱུའི་དུས་ཚོད་རན་མེད་ལུགས་གཏམ་བཤད་གནང་བ་དེར་མང་ཚོགས་ཀྱིས་སྐྱོན་བརྗོད་ཆེན་པོ་བྱས་ཡོད་པ་མ་ཟད་ཕྱོགས་འགལ་དམངས་གཙོ་ཚོགས་པ་དང་གཞུང་འཛིན་གོ་མིན་ཏང་གི་ཁྲིམས་བཟོ་བ་ཁག་གིས་པའི་མཱ་ཡིང་ཇུ་ཡིས་རྒྱ་ནག་གཞུང་ལ་བསྟུན་མཁས་གཙོ་འདོན་གནང་གི་ཡོད་པའི་སྐོར་སྐྱོན་བརྗོད་དང་སྦྲགས་༸གོང་ས་མཆོག་ཐའི་དབན་དུ་ཆིབས་བསྒྱུར་གནང་ཕྱོགས་ཐད་བསྐྱར་དུ་དགོངས་བཞེས་གནང་དགོས་པའི་སྐུལ་དེད་ཀྱང་བཏང་ཡོད་པ་དེའི་སྐོར་༸གོང་ས་མཆོག་ལ་བཀའ་འདྲི་ཞུ་སྐབས་ངས་ཐའི་དབན་ནང་འགྲོ་འདོད་ཡོད་ཀྱང་ད་ལྟ་གཏན་འཁེལ་གང་ཡང་མེད་པ་དང་དོན་མེད་ཅ་ཟིངས་པོ་བཟོ་རྒྱུའི་ཐུགས་འདོད་མེད་ཅེས་བཀའ་གནང་འདུག།