ཨ་རིའི་གྲོས་ཚོཊ་འཐུས་མིས་༧གོང་ས་མཆོག་གི་གྱ་སྟོན་ཆེད་གྲོས་གཞི།
2015.06.12
ཨ་རིའི་གྲོས་ཚོགས་ནས་༧གོང་ས་མཆོག་ནི་ཁྱད་དུ་འཕགས་པའི་ཕུལ་བྱུང་གི་མི་སྣ་ཞིག་ཡིན་པར་བསྔགས་བརྗོད་ཞུ་རྒྱུ་བཞིན་པ་རེད།
དེ་ཡང་ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མི་ཁག་ཅིག་གིས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ད་ལོ་ཕྱི་ལུགས་ལྟར་དགུང་གྲངས་༨༠ལ་ཕེབས་ཀྱི་ཡོད་པར་འཚམས་འདྲིའི་བཀྲིས་བདེ་ལེགས་ཞུས་པ་དང་འབྲེལ་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་འཚེ་མེད་ཞི་བའི་ཐབས་ལམ་ཐོག་ནས་བོད་ཀྱི་དཀའ་རྙོག་སེལ་ཐབས་དང་། འགྲོ་བ་མིའི་ཐོབ་ཐང་སྲུང་བརྩི། ཁོར་ཡུག་ལ་སྲུང་སྐྱོབ། དམངས་གཙོའི་ལམ་ལུགས་སྤེལ་ཐབས་ཀྱི་བླ་ན་མེད་པའི་མཛད་རྗེས་ལ་བསྔགས་བརྗོད་ཀྱི་གྲོས་གཞི་ཅིག་གྲོས་ཚོགས་གོང་མའི་ནང་བཏོན་གནང་ཡོད་པ་རེད། ཐོག་མར་གྲོས་གཞི་དེ་བཏོན་གནང་མཁན་གྱི་གྲས་སུ་ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མི་ལྕམ་ Dianne Feinsteinདང་། སྐུ་ཞབས་Kirk Durbin ལྕམ་Boxer སྐུ་ཞབས་Cardinདང་། ལྕམ་Menendezབཅས་ཡིན་ཞིང་། གྲོས་གཞི་དེའི་ནང་། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་འདས་པའི་ལོ་ངོ་ལྔ་ཅུ་ལྷག་ཙམ་རིང་ འཛམ་གླིང་ནང་ཆོས་ལུགས་ཕན་ཚུན་འཆམ་མཐུན་དང་གུས་ཞབས་ཡོང་རྒྱུའི་ཆེད་འབད་བརྩོན་ལྷོད་མེད་གནང་བཞིན་པ་དང་། བོད་ཀྱི་ཐུན་མོང་མ་ཡིན་པའི་ཆོས་ལུགས་རིག་གནས་ཕྱུག་པོ་དེ་དག་འཛམ་གླིང་ཡུལ་གྲུ་ཁག་ནང་ཁྱབ་སྤེལ་མཛད་པ་མ་ཟད། དམིགས་བསལ་༧གོང་ས་༧སྐྱབས་མགོན་ཆེན་པ་མཆོག་ནས་གང་ཉིད་ཀྱི་ཆབ་སྲིད་ཀྱི་སྐུ་དབང་ཡོངས་རྫོགས་བོད་མི་ཚོར་གནང་ཏེ་བཙན་བྱོལ་བོད་མིའི་སྤྱི་ཚོགས་དེ་བཞིན་དམངས་གཙོའི་ལམ་དུ་མདུན་བསྐྱོད་བྱ་ཐུབ་པའི་ཁར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་བོད་ནང་གི་ཁོར་ཡུག་གནད་དོན་ཐོག་ཐུགས་འཚབ་དང་ཐུགས་ཁུར་ཆེ་བཞེས་མཛད་ཏེ་དམིགས་བསལ་བོད་ཀྱི་ཆུ་བོའི་ཁོར་ཡུག་སྦག་བཙོག་སེལ་ཐབས་སུ་ས་ཕྱོགས་གང་དུ་༧ཞབས་སོར་འཁོད་ཀྱང་བོད་ཀྱི་གཙང་ཆུ་དྭངས་གཙང་ཡོང་རྒྱུར་བཀའ་མོལ་ཤུགས་ཆེ་གནང་བཞིན་པ་དེས་བོད་ཙམ་མ་ཟད། བོད་ནས་རྒྱུགས་བཞིན་པའི་ཆུ་བོ་དེ་དག་ལ་བརྟེན་ནས་འཚོ་བ་བསྐྱེལ་མཁན་གྱི་ཨེ་ཤེ་ཡའི་ཡུལ་གྲུ་ཁག་གི་མི་མང་ས་ཡ་མང་པོའི་ཉིན་རེའི་འཚོ་བར་ཕན་ཐོགས་ཡོང་གི་ཡོད་པ་རེད་ཅེས་འཁོད་འདུག ད་དུང་གྲོས་གཞི་དེའི་ནང་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་སའི་གོ་ལའི་ནང་འཚོ་གནས་བྱེད་མཁན་གྱི་མི་ཡོངས་རྫོགས་འགྲོ་བ་མིའི་རིགས་གཅིག་མཚུངས་ཡིན་པའི་ཆ་ནས་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་སྲུང་ཞུ་རྒྱུའི་རྩ་དོན་འཛིན་གནང་གི་ཡོད་པ་སོགས་ལ་བརྟེན་ནས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་ཨ་རིའི་གྲོས་ཚོགས་ནས་ཁྱད་དུ་འཕགས་པའི་ཕུལ་བྱུང་གི་མི་སྣ་ཞིག་ཡིན་པར་བསྔགས་བརྗོད་ཞུ་རྒྱུ་ཡིན་ཞེས་འཁོད་འདུག
གསར་འགོད་པ་འཆི་མེད།