བོད་མིའི་དབུ་ཁྲིད་༧གོང་ས་མཆོག་རྒྱ་གར་འབྲས་ལྗོངས་མངའ་སྡེའི་ནང་ཆིབས་སྒྱུར་ཆེད། བཞུགས་སྒར་ནས་རྒྱ་གར་རྒྱལ་ས་ལྡི་ལི་གསར་པ་རུ་ཞབས་སོར་འཁོད་ཡོད་པ།

བོད་མིའི་དབུ་ཁྲིད་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་སྤྱི་ཟླ་༡༢པའི་ཚེས་༩ཉིན། བཞུགས་སྒར་ཕོ་བྲང་ནས་ཆིབས་ཐོན་གྱིས་ཀངྐ་ར་གྷ་གལ་གནམ་ཐང་གི་མཁའ་ལམ་བརྒྱུད། རྒྱ་གར་རྒྱལ་ས་ལྡི་ལི་གསར་པ་རུ་ཆིབས་སྒྱུར་ཞབས་སོར་འཁོད་ཡོད་ཅིང་། མགོན་པོ་གང་ཉིད་བཞུགས་སྒར་ཕོ་བྲང་ནས་ཆིབས་ཐོན་སྐབས་ལམ་ཟུར་གཡས་གཡོན་ཀུན་ཏུ་བོད་མི་དང་ཕྱི་རྒྱལ་མི་རིགས་ཚོས།དགའ་དད་སྤྲོ་གསུམ་གྱི་སྒོ་ནས་ལག་ཏུ་མཇལ་དར་དང་གདུག་སྤོས་བཟུང་སྟེ་ཕེབས་སྐྱེལ་ཞུས་ཡོད་པ་མ་ཟད། གྷ་གལ་གནམ་ཐང་དུ་བོད་མི་ཕེབས་སྐྱེལ་ཞུ་མི་ཚོར་ཞལ་མཇལ་ལྷོད་ལྷོད་ཞུ་རྒྱུ་རག་པར། ཕེབས་སྐྱེལ་མཇལ་ཁ་ཞུ་མཁན་ཕུར་བུ་སྒྲོལ་མ་ལགས་སུ། སེམས་ནང་དགའ་དད་སྤྲོ་གསུམ་གྱི་སེམས་ཚོར་ཤུགས་ཆེ་བྱུང་བ་འགྲེལ་བརྗོད་གནང་གི་འདུག
གཞན་ཡང་བདེ་ལེགས་སྨན་ཁང་གི་སྨན་པ་བསྟན་འཛིན་རྣམ་གྲོལ་ལགས་ནས། རྡ་རམ་ས་ལ་ནས་༧གོང་ས་མཆོག་ཆིབས་ཐོན་གནང་བ་ནས་བཟུང་སྟོང་སང་སང་གི་སྣང་བ་ཞིག་འཁོར་གྱི་འདུག་པ་དང་། ཕར་ཕེབས་ནས་མགོན་པོ་གང་ཉིད་ཀྱི་སྐུའི་འཕྲོད་བཞེས་ལའང་སེམས་ཁྲལ་ཅུང་ཟད་ཡོང་གི་འདུག་པས། སྐུ་གཟུགས་འཕྲོད་བཞེས་ཡག་པོ་ཡོང་བའི་རེ་བ་དང་སྨོན་ལམ་ཡོད་ཅེས་འགྲེལ་བརྗོད་གནང་གི་འདུག
བོད་མིའི་དབུ་ཁྲིད་༧གོང་ས་མཆོག་རྒྱ་གར་རྒྱལ་ས་ལྡི་ལི་རུ་ཞག་ཤས་བཞུགས་ཏེ་སྤྱི་ཚེས་༡༡ཉིན་འབྲས་ལྗོངས་སུ་ཕེབས་འབྱོར་གནང་རྒྱུ་དང་། སྤྱི་ཟླ་༡༢པའི་ཚེས་༡༢ཉིན་འབྲས་ལྗོངས་མངའ་སྡེའི་རྒྱལ་ས་སྒང་ཏོག་ཁུལ་དུ། དད་ལྡན་མང་ཚོགས་ལ་རྒྱལ་སྲས་ལག་ལེན་སོ་བདུན་མའི་བཀའ་ཆོས་སྩལ་རྒྱུ་དང་། སྤྱི་ཟླ་༡༢པའི་ཚེས་༡༤ཉིན་ནུབ་བྷངྒལ་མངའ་སྡེའི་སྲད་རྒྱུད་གྲྭ་ཚང་དུ་སེམས་བསྐྱེད་ཀྱི་ཆོས་འབྲེལ་གནང་རྒྱུ། སྤྱི་ཟླ་༡༢པའི་ཚེས་༢༠ཉིན་རྒྱ་གར་རྡོ་རྗེ་གདན་དུ་རྒྱལ་སྤྱིའི་དགེ་འདུན་ལྷན་ཚོགས་བགྲོ་གླེང་དབུ་འབྱེད་གནང་རྒྱུ་དང་། སྤྱི་ཟླ་༡༢པའི་ཚེས་༢༣ཉིན་རྡོ་རྗེ་གདན་དུ་འཛམ་གླིང་ཞི་བདེའི་སྨོན་ལམ་གྱི་ཚོགས་མགོན་དུ་བཞུགས་རྒྱུ། ཡང་སྤྱི་ཟླ་༡༢པའི་ཚེས་༢༩ནས་༣༡བར་གནས་མཆོག་རྡོ་རྗེ་གདན་དུ། འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པའི་ཆོས་དབྱིངས་བསྟོད་པའི་བཀའ་ཆོས་སྩལ་གནང་རྒྱུ་དང་། སྤྱི་ལོ་༢༠༢༤ལོའི་ཟླ་༡ཚེས་༡ཉིན་རྡོ་རྗེ་གདན་དུ་མགོན་པོ་མཆོག་ལ་བརྟན་བཞུགས་བསྟར་འབུལ་བཅས་མཛད་འཆར་བསྒྲིགས་ཡོད་པ་རེད།
གསར་འགོད་པ། བློ་བྷེ་།
རྩོམ་སྒྲིག་པ། བསྟན་འཛིན་འཕགས་སྒྲོན།
དྲྭ་ཐོག་སྤེལ་མཁན། བསྟན་འཛིན་འཕགས་སྒྲོན།