བོད་ཀྱི་དབུ་ཁྲིད༧གོང་ས་མཆོག་ལྡི་ལི་དང་ལ་དྭགས་ཕྱོགས་སུ་ཆིབས་ཞལ་བསྒྱུར་པ།
2018.06.29
༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ལྡི་ལི་དང་ལ་དྭགས་ཁུལ་དུ་མཛད་འཕྲིན་བསྐྱང་སླད་བཞུགས་སྒར་ནས་ཆིབས་ཞལ་བསྒྱུར་གནང་འདུག
དེ་ཡང་ཟླ་ ༦ ཚེས་ ༢༩ཉིན་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་གྱི་རྒྱལ་ས་ལྡི་ལི་དང་། རྒྱ་གར་བྱང་ཕྱོགས་ལ་དྭགས་སུ་ཆིབས་སྒྱུར་མཛད་འཕྲིན་སྐྱོང་སླད་བཞུགས་སྒར་ཕོ་བྲང་ནས་ཆིབས་ཞལ་བསྒྱུར་སྐབས་དད་ལྡན་སེར་སྐྱ་མང་ཚོགས་ཀྱིས་ལག་ཏུ་མཇལ་དར་སོགས་ཐོགས་ནས་དགའ་དད་སྤྲོ་གསུམ་སྒོ་ནས་ཕེབས་སྐྱེལ་ཞུས་འདུག
མཛད་འཆར་ལྟར་ན་༧གོང་ས་མཆོག་གིས་ཕྱི་ཟླ་ ༧ ཚེས་ ༡ རེས་གཟའ་ཉི་མའི་ཉིན་བརྒྱུད་ལམ་ཁག་གི་བཅར་འདྲི་དང་ལེན་མཛད་རྒྱུས་མཚོན་མཇལ་ཁ་སྩལ་རྒྱུ་སོགས་ཀྱི་མཛད་འཆར་ཁག་ཅིག་ཡོད་འདུག་པ་མ་ཟད། ཕྱི་ལོ་ ༢༠༡༨ ཟླ་ ༧ ཚེས་ ༢ ཉིན་རྒྱལ་ས་ལྡི་ལིའི་མངའ་སྡེ་གཞུང་གིས་སྟངས་འཛིན་འོག་ཡོད་པའི་སྔོན་འགྲོ་ནས་འཛིན་རིམ་བརྒྱད་པའི་བར་གྱི་སློབ་གྲྭ་ཚང་མའི་ནང་། བདེ་སྐྱིད་སྐྲུན་ཐབས(Happiness Curriculum)ཞེས་པ་སློབ་ཚན་ནང་བཀོད་རྒྱུ་གཏན་འཁེལ་བ་དེ་དབུ་འབྱེད་མཛད་རྒྱུ་དང་། ཕྱི་ཚེས་ ༣ ཉིན་ལྡི་ལི་ནས་མཁའ་ལམ་བརྒྱུད་ལ་དྭགས་སུ་ཆིབས་སྒྱུར་བཀའ་དྲིན་བསྐྱངས་ནས་ཕྱི་ཟླ་ ༧ ཚེས་ ༦ ཉིན་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཕྱི་ལུགས་དགུང་གྲངས་ ༨༣ བཞེས་པའི་སྐུའི་འཁྲུངས་སྐར་དུས་ཆེན་སྲུང་བརྩི་གཟབ་རྒྱས་ཞུ་རྒྱུ་དང་། ཕྱི་ཚེས་ ༡༠ ནས་ ༡༢ བར་ཞི་བའི་ཚལ་ཕོ་བྲང་དུ་རྒྱལ་སྲས་ཆེན་པོ་ཞི་བ་ལྷས་མཛད་པའི་སྤྱོད་འཇུག་ཆེན་མོའི་བཀའ་ཆོས་གནང་རྒྱུ།
ཕྱི་ཟླ་ ༧ ཚེས་ ༡༣ ཉིན་ནུབ་ར་བསམ་གཏན་གླིང་དགོན་པ་སོགས་སུ་མཛད་འཕྲིན་བསྐྱངས་རྗེས་ཕྱི་ཟླ་ ༧ ཚེས་ ༢༡ ནུབ་ར་ནས་མཁའ་ལམ་བརྒྱུད་རྡ་སར་ཞབས་སོར་འཁོད་གནང་མཛད་རྒྱུ་ཡིན་འདུག
གསར་འགོད་པ་སྐལ་བཟང་སྒྲོལ་མ།