འཛམ་གླིང་འདི་ཞི་བདེ་དང་བྱམས་བརྩེ་ལྡན་པ་ཞིག་ཡོང་བར་འབད་དགོས། ༧གོང་ས་མཆོག་གིས།
2018.12.07
འཛམ་གླིང་འདི་ཞི་བདེ་དང་བྱམས་བརྩེ་ལྡན་པ་ཞིག་ཡོང་བར་གཞོན་སྐྱེས་ཚོས་ཤེས་ཡོན་དང་རྣམ་དཔྱོད་གཉིས་བེད་སྤྱོད་བྱས་ནས་འབད་དགོས་བ་༧གོང་ས་མཆོག་གིས་བཀའ་སྩལ་འདུག
དེ་ཡང་སྤྱི་ཟླ་༡༢་བའི་ཚེས་༧་ཉིན་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་རྟེན་གཞི་བྱེད་པའི་ལྡི་ལི་སློབ་གྲྭ་ཆེན་མོའི་ཁོངས་གཏོགས་སུ་གྱུར་བའི་(St, Stephen)་མཐོ་སློབ་གསར་འཛུགས་གནང་མཁན་གྱི་ཉིན་མོ་སྲུང་བརྩི་ཞུ་བའི་མཛད་སྒོའི་ཐོག་ཏུ་ཆིབས་སྒྱུར་བསྐྱངས་ཏེ་དགེ་ལས་སློབ་ཕྲུག་རྣམས་ལ་བཀའ་སློབ་གསུང་བཤད་སོགས་གནང་ཡོད་པ་དང་། ཐོག་མར་(St, Stephen)་མཐོ་སློབ་གྱི་སློབ་སྤྱི་སློབ་དཔོན་(John Varghese)་ལགས་ཀྱིས་སློབ་གྲྭའི་ངོ་སྤྲོད་དང་སྔོན་བྱོན་གྱི་གནད་ཡོད་མི་སྣ་དག་གི་སློབ་གྲྭའི་མཛད་རྗེས་ལ་ཐུགས་རྗེ་ལེགས་འབུལ་ཞུས་ཡོད་པ་རེད།
དེ་ནས་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་སློབ་གནང་དོན་དུ། འཛམ་གླིང་འདིའི་ཐོག་གི་མིའི་རིགས་ཚང་མ་དང་པོ་སྐྱེས་དུས་ནས་ལུས་དང་སེམས་དང་ཚོར་བའི་ཆ་ནས་གཅིག་གྱུར་ཡིན་པ་དང་། ཡེ་ཤུའི་ཆོས་ལུགས་ལ་མཚོན་ན་འཇིག་རྟེན་བཀོད་པ་པོ་དེ་བྱམས་དང་སྙིང་རྗེ་ཚད་མེད་པའི་བདག་ཉིད་ཅིག་ཡིན་པར་ངོས་འཛིན་བྱེད་ཀྱི་ཡོད་པས། འཛམ་གླིང་ཐོག་གི་མི་ཚང་མ་ཕ་གཅིག་ལས་གྲུབ་པའི་བྱམས་དང་སྙིང་རྗེ་ཅན་གྱི་བུ་ཕྲུག་ཤ་སྟག་ཡིན་པར་ངོས་འཛིན་བྱེད་ཀྱི་ཡོད་པའི་ཁྲོད་དུ་ད་དུང་ཕན་ཚུན་བར་གསོད་རེས་བྱེད་པའི་གནས་ཚུལ་བྱུང་གི་ཡོད་པ་དང་། དེང་དུས་ཀྱི་ཚན་རིག་གི་ངོས་ནས་བཤད་ན་ང་ཚོ་མི་ཚང་མ་སྤྱི་ཚོགས་ལ་བརྟེན་པའི་སྲོག་ཆགས་ཡིན་པས་ཕན་ཚུན་གཅིག་ལ་གཅིག་བརྟེན་གྱི་འཚོ་གནས་བྱེད་པ་ལས་གྲོགས་མེད་ཁེར་རྐྱང་གི་སྒོ་ནས་འཚོ་བ་རོལ་ཐུབ་ཀྱི་མེད་པ་དང་། དེང་རབས་ཀྱི་རྒྱལ་སྤྱིའི་དཔལ་འབྱོར་གྱི་ཆ་ལ་མཚོན་ནའང་རྒྱལ་ཁབ་བར་གྱི་ས་མཚམས་ཀྱི་དབྱེ་བ་མེད་པ་དང་འཛམ་གླིང་གི་གནམ་གཤིས་ཚ་དྲོད་ཀྱི་འགྱུར་ལྡོག་ལའང་གླིང་ཕྲན་དང་རྒྱལ་ཁབ་ལ་སོགས་དབྱེ་བ་མེད་པར་འགྱུར་བ་འགྲོ་བཞིན་ཡོད་པ་སོགས་ནི་ངས་བསམ་ན་ཉེན་ཁ་ཆེས་ཤོས་ཤིག་ཡིན་པར་འདོད་ཀྱི་ཡོད་ཅེས་བཀའ་སློབ་སྩལ།
ད་དུང་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་མུ་མཐུད་གསུངས་དོན། མིའི་རིགས་ཀྱི་སྤྱི་ཚོགས་ལ་མཚོན་ན་མིའི་ཀླད་པ་ལ་ཁྱད་དུ་འཕགས་པའི་རྣམ་དཔྱོད་དང་ཤེས་ཡོན་ཕུན་སུམ་ཚོགས་པ་ལྡན་ནའང་སོ་སོའི་བསམ་བློའི་ཀུན་སློང་མ་དག་པའི་རྐྱེན་གྱིས་བེད་སྤྱོད་ལོག་པར་བཏང་སྟེ་ཉེ་དུས་དང་དེང་དུས་གང་གི་ཆ་ནས་ཀྱང་མིའི་ཕན་ཚུན་གསོད་རེས་ཀྱི་གནས་ཚུལ་བྱུང་དང་འབྱུང་གི་ཡོད་པ་དེ་ནི་ཐབས་སྡུག་པའི་གནས་སྟངས་ཤིག་ཡིན་པར་གསུངས་ཡོད་པ་དང་། དེང་དུས་ཀྱི་མི་རབས་གསར་བ་ཚོའི་ལས་འགན་གཙོ་བོ་ནི་དུས་རབས་ཉི་ཤུའི་ནང་གི་འཛམ་གླིང་གི་དམག་འཁྲུག་དང་པོ་དང་གཉིས་པ། རྒྱལ་ཁབ་ཕན་ཚུན་བར་གྱི་མི་མང་གསོད་རེས་བྱེད་པའི་ཐབས་སྡུག་གི་གནས་སྟངས་རྣམས་ཡིད་ལ་དྲན་པར་བྱས་ཏེ་དུས་རབས་ཉེར་གཅིག་པའི་འཛམ་གླིང་འདི་ཞི་བདེ་དང་བྱམས་བརྩེ་ལྡན་པ་ཞིག་ཡོང་བར་གཞོན་སྐྱེས་ཚོས་ཤེས་ཡོན་དང་རྣམ་དཔྱོད་གཉིས་བེད་སྤྱོད་བྱེད་པར་འབད་བརྩོན་དགོས་པ་སོགས་བཀའ་སྩལ།
སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་གྱི་རྒྱལ་ས་ལྡི་ལི་རུ་ཉིན་གསུམ་རིང་དུ་མཛད་འཕྲིན་སྣ་མང་ཞིག་བསྐྱང་རྒྱུ་ཡིན་པ་རེད།
གསར་འགོད་པ་སངས་རྒྱས་རྒྱ་མཚོ།