༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་བོད་རྒྱལ་ཡོངས་རྐང་རྩེད་སྤོ་ལོའི་རུ་ཁག་ལ་མཇལ་ཁ་སྩལ་བ།

2023.07.03
༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་བོད་རྒྱལ་ཡོངས་རྐང་རྩེད་སྤོ་ལོའི་རུ་ཁག་ལ་མཇལ་ཁ་སྩལ་བ། ཕྱི་ལོ་ ༢༠༢༣ ཟླ་བ་ ༧ ཚེས་ ༣ ཉིན་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བོད་རྒྱལ་ཡོངས་རྐང་རྩེད་སྤོ་ལོའི་རུ་ཁག་ལ་མཇལ་ཁ་དང་བཀའ་སློབ་སྩལ་བ།
OHHDL

རིང་མིན་ཕྱི་ཟླ་༨་པའི་ནང་ཡུ་རོབ་ཀྱི་རྒྱལ་ཁབ་བྷེལ་ཇམ་གྱི་ནང་ཀོ་ནི་ཧྤ་ཨེ་ཤི་ཡ་རྐང་རྩེད་སྤོ་ལོའི་འགྲན་བསྡུར་གྱི་ནང་བོད་རྒྱལ་ཡོངས་རྐང་རྩེད་སྤོ་ལོའི་བུའི་རུ་ཁག་མཉམ་ཞུགས་གནང་གི་ཡོད་པ་བཞིན། ཟླ་བ་འདིིའི་ཕྱི་ཚེས་༣་ཉིན་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་དུ་བོད་རྒྱལ་ཡོངས་རྩེད་རིགས་ཚོགས་པའི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་མི་དང་སྒྲིག་འཛུགས་དེའི་རྐང་རྩེད་སྤོ་ལོའི་རྩེད་འགྲན་པ་རྣམས་ནས། སྤྱི་ནོར་༧གོང་སྐྱབས་མགོན་ཆེན་པོ་མཆོག་ལ་མཇལ་ཁ་ཞུས་སྐབས། མགོན་པོ་གང་ཉིད་ནས་རྩེད་འགྲན་པ་རྣམ་པར་རྗེ་བཙུན་སྒྲོལ་མ་དང་འཇམ་དཔལ་དབྱངས་ཀྱི་གཟུངས་སྔགས་ཀྱི་ལྗགས་ལུང་བཀྲིན་ཆེ་གནང་མཛད་ཡོད་པ་རེད།

བོད་རྒྱལ་ཡོངས་རྩེད་རིགས་ཚོགས་པའི་འགན་འཛིན་བསྟན་འཛིན་རིན་ཆེན་ལགས་ཀྱི་འགྲེལ་བརྗོད་གནང་བར་གཞིགས་ན། ད་ལན་ཀོ་ནི་ཧྤ་ཨེ་ཤི་ཡ་རྐང་རྩེད་སྤོ་ལོའི་འགྲན་བསྡུར་གྱི་ནང་བོད་རྒྱལ་ཡོངས་རྩེད་འགྲན་པའི་རུ་ཁག་རྣམས། ཟླ་བ་འདིའི་ཕྱི་ཚེས་༢༦ཙམ་ནས་རྒྱ་གར་ནས་ཐོན་ཏེ་རྩེད་འགྲན་དངོས་གཞི་ཕྱི་ཟླ་༨པའི་ཚེས་༡་ནས་༦་བར་ཡིན་སྟབས། བོད་པའི་རྩེད་འགྲན་པའི་རུ་ཁག་རྣམས་རྩེད་འགྲན་ཚར་བའི་རྗེས་ཕྱི་ཚེས་༧་ཉིན་རྒྱ་གར་དུ་ཕྱིར་ལོག་གནང་རྒྱུ་ཡིན་པའི་འཆར་གཞི་ཡོད་པ་མ་ཟད། ད་ལན་ཀོ་ནི་ཧྤ་ཨེ་ཤི་ཡ་རྐང་རྩེད་སྤོ་ལོའི་འགྲན་བསྡུར་གྱི་ནང་རྩེད་འགྲན་རུ་ཁག་༦ཙམ་ཞིག་མཉམ་ཞུགས་གནང་ཡོད་པའི་འགྲེལ་བརྗོད་གནང་བྱུང་། 

ཉེ་ཆར་བཞུགས་སྒར་དུ་རྒྱལ་ཡུམ་ཆེན་མོའི་དྲན་རྟེན་གསེར་གྱི་གཟེངས་རྟགས་རྐང་རྩེད་འགྲན་བསྡུར་༢༨སྐབས། རྒྱ་གར་དང་བལ་ཡུལ་གཉིས་ནས་བོད་རྒྱལ་ཡོངས་བུའི་རྐང་རྩེད་སྤོ་ལོའི་རུ་ཁག་རྩེད་འགྲན་པ་༡༤་འདེམ་གནང་བ་རྣམས་ལ་ད་ལན་༧གོང་ས་མཆོག་གི་མཇལ་ཁ་ཞུས་ཡོད་པ་དང་བོད་རྒྱལ་ཡོངས་བུའི་རྐང་རྩེད་སྤོ་ལོའི་རུ་ཁག་གིས་སློབ་སྟོན་གཞོན་པ་བློ་བཟང་དབང་ཕྱུག་ལགས་ཀྱི་རྩེད་འགྲན་པ་རྣམས་ནས། ཕྱི་ཟླ་༦་པའི་ཚེས་༢༤་ཉིན་བཅུའི་རིང་དོན་གྲུབ་གླིང་གཞིས་ཆགས་སུ་སྦྱོང་བརྡར་གནང་བའི་སྐོར་གསུང་དོན་སོང་། དེ་དང་ཕྱོགས་མཚུངས་བོད་རྒྱལ་ཡོངས་རྐང་རྩེད་སྤོ་ལོའི་རུ་ཁག་གི་རུ་དཔོན་པདྨ་ལྷུན་གྲུབ་ལགས་ཀྱིས་བརྗོད་དོན་ལ། ད་ལན་ཁོང་རྣམ་པ་ཉིན་བཅུའི་རིང་སྦྱོང་བརྡར་གྱི་སྐབས་ཉིན་རེར་སྔ་དགོང་གཉིས་ལ་ཆུ་ཚོད་གཉིས་རེ་བྱས་ཏེ་ཁྱོན་ཉིན་གཅིག་ལ་ཆུ་ཚོད་བཞི་ཙམ་གྱི་རིང་སྦྱོང་བརྡར་གོ་སྐབས་བྱུང་ཡོད་པས། རྩེད་འགྲན་པ་རྣམས་ཀྱི་སྦྱོང་བརྡར་གང་ལེགས་གནང་ཡོད་པ་ཡང་འགྲེལ་བརྗོད་གནང་བྱུང་།

གཞི་རྩའི་འཛམ་གླིང་ཀོ་ནི་ཕ་རྐང་རྩེད་སྤོ་ལོའི་འགྲན་བསྡུར་དེ་ནི་རང་བཙན་ཡོད་པའི་རྒྱལ་ཁབ་ཀྱི་འཛམ་གླིང་རྐང་རྩེད་སྤོ་ལོའི་རྩེད་འགྲན་གྱི་ནང་མ་ཚུད་པའི་རང་དབང་མཉམ་འབྲེལ་གྱི་འཛམ་གླིང་རྐང་རྩེད་སྤོ་ལོའི་ཚོགས་ཆུང་Conifa་ཞེས་པ་དེ་ནི། ཕྱི་ལོ་༢༠༡༣་ལོར་གསར་བཛུགས་གནང་བ་ཞིག་ཡིན་པ་དང་ལྷན་ཚོགས་དེས་ཕྱི་ལོ་༢༠༡༤་ལོར་Sweden་གྲོང་ཁྱེར་Ostersundནང་རྐང་རྩེད་སྤོ་ལོའི་འགྲན་བསྡུར་ཐེངས་དང་པོ་དབུ་འཛུགས་གནང་ཏེ།བོད་རྒྱལ་ཡོངས་བུའི་རྐང་རྩེད་སྤོ་ལོ་རུ་ཁག་དེ་ཕྱི་ལོ་༢༠༢༢་ལོར་ཀོ་ནི་རྐང་རྩེད་སྤོ་ལོའི་འགྲན་བསྡུར་གནང་ནང་མཉམ་བཞུགས་གནང་ཡོད་པ་རེད།

བོད་རྒྱལ་ཡོངས་རྩེད་རིགས་ཚོགས་པ་དེ་ནི་ཕྱི་ལོ་༡༩༩༠་ལོར་ཐོག་མར་དབུ་འཛུགས་གནང་ཞིང་། ཕྱི་ལོ་༢༠༠༢་ལོར་རྒྱ་གར་གཞུང་གི་ཁྲིམས་ཐོག་དེབ་སྐྱེལ་བྱས་པའི་ཚོགས་པ་ཞིག་ཆགས་ཡོད་པ་དང་། བོད་རྒྱལ་ཡོངས་རྩེད་རིགས་ཚོགས་པས་ད་བར་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཀྱི་ཁྲོད་གྲགས་ཆེ་བའི་རྒྱལ་ཡུམ་ཆེན་མོའི་གསེར་གྱི་གཟེངས་རྟགས་རྐང་རྩེད་སྤོ་ལོའི་འགྲན་བསྡུར་གོ་སྒྲིག་གནང་ཞིང་རྩེད་འགྲན་དེ་ནི་བཙན་བྱོལ་དུ་ཡོད་པའི་བོད་རིགས་གཞོན་སྐྱེས་རྣམས་ལ་གདེང་ཆ་གལ་ཆེན་ཞིག་ཆགས་ཀྱི་ཡོད་པ་རེད། ཕྱི་ལོ་༢༠༡༩་ལོར་བོད་རྒྱལ་ཡོངས་རྩེད་རིགས་ཚོགས་པ་འདི་བཞིན་བོད་མིའི་སྒྲིག་འཛུགས་ཀྱི་ཁྱབ་ཁོངས་སུ་ཆགས་པ་དང་། ཕྱི་ལོ་༢༠༢༠་ལོར་དེ་སྔ་རྡ་སྟེང་དུ་ཡོད་པའི་རྩེད་རིགས་ཚོགས་པའི་ལས་ཁུངས་དེ་ཡང་བོད་མིའི་སྒྲིག་འཛུགས་ཀྱི་འཕྲོད་བསྟེན་ལས་ཁུངས་ཁྱབ་ཁོངས་སུ་གནས་སྤོས་ལས་དོན་གནང་འགོ་བཙུགས་ཡོད་པ་རེད་འདུག

གསར་འགོད་པ། པདྨ་དངོས་གྲུབ།
རྩོམ་སྒྲིག་པ།  ཡེ་ཤེས་ཟླ་བ། བསྟན་འཛིན་འཕགས་སྒྲོན།
དྲྭ་ཐོག་སྤེལ་མཁན། བསྟན་འཛིན་འཕགས་སྒྲོན།

 

 

 

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎