རྒྱ་གར་གྱི་འདེམས་ཐོན་སྲིད་འཛིན་ལ་༧གོང་ས་མཆོག་གིས་འཚམས་འདྲི།


2017.07.21
༧གོང་ས་ཆེན་པོ་མཆོག་དང་སྐུ་ཞབས་(Ram Nath Kovind) མཆོག ༢༠༡༧།༡།༩ ༧གོང་ས་ཆེན་པོ་མཆོག་དང་སྐུ་ཞབས་(Ram Nath Kovind) མཆོག ༢༠༡༧།༡།༩
OHHDL

༧གོང་ས་ཆེན་པོ་མཆོག་གིས་སྐུ་ཞབས་(Ram Nath Kovind) མཆོག་རྒྱ་གར་གྱི་སྲིད་འཛིན་ལ་འདེམས་ཐོན་བྱུང་བར་འཚམས་འདྲི་གནང་འདུག
སྐུ་ཞབས་རཱམ་ནཱ་ཐ་ཀོ་ཝིནྜ་(Shri Ram Nath Kovind)མཆོག་རྒྱ་གར་གྱི་སྲིད་འཛིན་ལ་བདམས་པར་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་འཚམས་འདྲི་ཞུས་གནང་འདུག་ཅིང་། ༧གོང་ས་མཆོག་གིས། འདས་པའི་མི་ལོ ༥༨་རིང་རྒྱ་གར་གཞུང་དམངས་གཉིས་ཀས་སྐྱབས་བཅོལ་བོད་མིར་མཐུན་འགྱུར་རོགས་རམ་རྒྱ་ཆེ་གནང་དང་གནང་བཞིན་པར་བཀའ་དྲིན་ཆེ་ཞུས་པ་དང་ཆབས་ཅིག ངོས་རང་རྒྱ་གར་གྱི་བུ་ཞིག་ཡིན། ཞེས་ཡང་ཡང་བརྗོད་བཞིན་ཡོད། གང་ཡིན་བརྗོད་ན། ལོ་རྒྱུས་སུ་གྲགས་ཆེ་བའི་དཔལ་ནཱ་ལེནྡྲའི་གཙུག་ལག་སློབ་གཉེར་ཁང་གི་མཁས་པ་སློབ་དཔོན་ཀླུ་སྒྲུབ་དང་འཕགས་པ་ཐོགས་མེད་ལྟ་བུས་མཛད་པའི་ནང་པའི་གཞུང་ཆེན་ཁག་ལ་ཐོས་བསམ་སློབ་གཉེར་བྱས་པ་དེས་ངོས་ཀྱི་བསམ་བློ་གཏོང་སྟངས་ལ་ཤུགས་རྐྱེན་ཆེན་པོ་ཐེབས་ཡོད། ངོས་ཀྱི་ལུས་པོར་མཚོན་ནའང་བཙན་བྱོལ་དུ་འབྱོར་བ་ནས་བཟུང་རྒྱ་གར་གྱི་འབྲས་དང་རྡ་ལིའམ་སྲན་མ། བག་ལེབ་བཅས་ལ་བརྟེན་ནས་འཚོ་བ་ཞིག་ཡིན། དེར་བརྟེན་ཡུལ་འཁོར་ཆེན་པོ་འདི་ལ་རང་བཞིན་གྱིས་སེམས་ཐག་ཉེ་པོ་ཙམ་མ་ཟད། དུས་རྟག་ཏུ་རྒྱ་གར་གྱི་བདེ་དོན་ཐོག་སེམས་ཁུར་སྐྱེ་བཞིན་ཡོད་ཅེས་དང་།
ཡང་༧གོང་ས་མཆོག་གི་འཚམས་འཕྲིན་ནང་། འཛམ་གླིང་ནང་བྱམས་བརྩེའི་ཚོར་བ་ཕྲན་བུ་ཤུགས་ཆེ་རུ་གཏོང་རྒྱུ་དང་། ཆོས་ལུགས་མཐུན་སྒྲིལ་གོང་མཐོར་གཏོང་རྒྱུ། དེ་བཞིན་དཔལ་ནཱ་ལེནྡྲ་ནས་བརྒྱུད་པའི་བོད་བརྒྱུད་ནང་བསྟན་གཙོ་བོར་གྱུར་བའི་ཆོས་དང་རིག་གཞུང་། ཁོར་ཡུག་བཅས་པ་གཅེས་འཛིན་བྱ་རྒྱུའི་ཐོག་ངོས་ཀྱི་མ་ཤི་བར་ཆོད་སེམས་བརྟན་པོས་འབད་བརྩོན་རྒྱུན་སྐྱོང་བྱ་རྒྱུ་ཡིན། དེའི་ཁར་ཉེ་ལམ་ནས་བཟུང་ངོས་ཀྱིས་རྒྱ་གར་གནའ་རབས་ཀྱི་སེམས་ཁམས་རིག་པའི་རྣམ་གཞག་སྐོར་གྱི་ལེགས་བཤད་དེ་དག་སླར་གསོ་ཡོང་ཐབས་བྱ་རྒྱུའི་ལས་འགན་འཕར་མ་ཞིག་བསྣན་ཡོད་སྟབས་ད་ཆ་ངོས་ལ་ལས་འགན་བཞི་ཡོད། ཅེས་དང་། ཡང་༧གོང་ས་མཆོག་གིས། སྐུ་ཉིད་ནས་ད་བར་སྲི་ཞུའི་ལས་ཡུན་རིང་མི་མང་གི་བདེ་སྡུག་སྤྱི་དང་། ལྷག་པར་མགོན་མེད་ཉམ་ཐག་རྣམས་ཀྱི་སླད་ཞབས་འདེགས་རྒྱ་ཆེ་བསྒྲུབས་ཡོད། སྤྱིར་རྒྱ་གར་ནང་ཡར་རྒྱས་ཧ་ཅང་ཕྱིན་ཡོད། ད་དུང་ཟས་བཅུད་དང་ཤེས་ཡོན། བྱིས་པ་སྲུང་སྐྱོབ། དེ་བཞིན་དབུལ་ཕྱུག་བར་ཁྱད་ཉུང་དུ་གཏོང་རྒྱུ། ལྐོག་ཟ་རུལ་སུངས་བཅས་ལ་གདོང་ལེན་གནང་དགོས་པའི་གནས་སྟངས་ཤིག་ཆགས་ཡོད། གནད་དོན་དེ་དག་ཐོག་ངོས་ཀྱི་དེ་སྔ་ཡང་རྒྱ་གར་དབུ་ཁྲིད་ཚོ་དང་ལྷན་གླེང་སློང་བྱས་མྱོང་ཡོད། གང་ཡིན་བརྗོད་ན། སྤྱི་པའི་བདེ་སྡུག་ལ་བསམ་བློ་བཏང་ནས་གནད་དོན་དེ་དག་འཛེམ་ཟོན་མེད་པར་ཐད་ཀར་གདོང་དང་གདོང་གཏུག་ནས་གདོང་ལེན་བྱ་དགོས་པ་ཞིག་ཆགས་ཡོད་པ་མ་ཟད། རྒྱ་གར་ཡར་རྒྱས་འགྲོ་ཐུབ་རྒྱུར་ཡང་ཧ་ཅང་གནད་འགག་ཆེན་པོ་ཆགས་ཡོད། རྒྱ་གར་ལ་འཛམ་གླིང་སྣེ་ཁྲིད་ཐུབ་པའི་ནུས་པ་ཡོད་ལ་འོས་ཤིང་འཚམས་པ་ཞིག་ཀྱང་ཡིན། དེར་བརྟེན་སྐུ་ཉིད་ནས་ནུས་པ་དེ་དག་གཅིག་ཏུ་སྒྲིལ་ཐབས་ཆེད་འབད་བརྩོན་གང་ཡོང་གནང་རྒྱུ་ཡིན་པ་གདོན་མི་ཟ། ཞེས་སོགས་འཁོད་འདུག
དེ་བཞིན་སྐུ་ཞབས་རཱམ་ནཐ་ཀོ་ཝིནྜ་རྒྱ་གར་གྱི་སྲིད་འཛིན་ལ་བདམས་ཐོན་བྱུང་བར། བོད་མི་དམངས་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་དང་ སྲིད་སྐྱོང་བློ་བཟང་སེངྒེ་མཆོག་ནས་ཀྱང་འཚམས་འདྲི་ཞུས་པ་དང་སྦྲགས།  རྒྱ་གར་གཞུང་མང་གཉིས་ཀས་བོད་མི་བཙན་བྱོལ་བ་རྣམས་ལ་གནས་ཚང་གཡར་བ་ཙམ་མ་ཟད། གང་ཅིའི་མཐུན་འགྱུར་རོགས་རམ་རྒྱ་ཆེ་གནང་བར་བརྟེན་བོད་མིའི་བདེན་པའི་འཐབ་རྩོད་ཀྱི་རྨང་གཞི་སྲ་བརྟན་བཙུགས་ཐུབ་པ་བྱུང་ཡོད་པར་བརྟེན། འཛམ་གླིང་ས་ཕྱོགས་གང་སར་གནས་པའི་བོད་མི་རྣམས་ཀྱི་ཚབ་ཞུས་ནས་བཀའ་དྲིན་ཆེ་ཞུས་པ་དང་སྦྲགས། འབྱུང་འགྱུར་གྱི་ལོ་ཟླའི་ཁྲོད་རྒྱ་གར་གཞུང་དམངས་གཉིས་ཀས་མུ་མཐུད་ནས་བོད་དོན་དང་སྐྱབས་བཅོལ་བོད་མིར་གཟིགས་སྐྱོང་གནང་དགོས་པའི་རེ་སྐུལ་ཞུས་འདུག
ད་ལོའི་རྒྱ་གར་གྱི་གྲོས་ཚོགས་སུ་སྲིད་འཛིན་འོས་འདེམས་བྱས་པའི་ཁྲོད། རྒྱ་གར་གཞུང་འཛིན་བྷེ་ཇེ་ཕེ་ཆབ་སྲིད་ཚོགས་པའི་འོས་མི་སྐུ་ཞབས་རཱམ་ནཱ་ཐ་ཀོ་ཝིནྜ་ལགས་དང་། ཀོང་རེ་སི་ཆབ་སྲིད་ཚོགས་པའི་འོས་མི་ལྕམ་མཱེ་ར་ཁུ་མར་ལགས་གཉིས་ཀྱི་གདམ་རྩོད་བྱས་ནས། མཐར་ཚེས ༢༠ ་ཉིན་སྐུ་ཞབས་རཱམ་ནཱ་ཐ་ཀོ་ཝིནྜ་ལགས་རྒྱ་གར་གྱི་སྲིད་འཛིན་དུ་བདམས་ཡོད་པ་དང་། སྐུ་ཞབས་རཱམ་ནཱ་ཐ་ཀོ་ཝིནྜ་ལགས་ནི་རྒྱ་གར་གྱི་ལོ་རྒྱུས་སུ་རིགས་རུས་དམན་པའི་སྲིད་འཛིན་གཉིས་པ་དང་། རྒྱ་གར་གྱི་སྲིད་འཛིན་སྐབས་ ༡༤་ཆགས་པ་རེད།

གསར་འགོད་པ་སྟག་ལྷ་རྒྱལ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎