༧གོང་ས་མཆོག་གིས་ཡོ་རོབ་གྲོས་ཚོགས་ཀྱི་ཚོགས་གཙོ་གསར་བར་འཚམས་འདྲི་མཛད་འདུག

2022.01.20
༧གོང་ས་མཆོག་གིས་ཡོ་རོབ་གྲོས་ཚོགས་ཀྱི་ཚོགས་གཙོ་གསར་བར་འཚམས་འདྲི་མཛད་འདུག ༧གོང་ས་མཆོག་དང་ཡོ་རོབ་གྲོས་ཚོགས་ཀྱི་ཚོགས་གཙོ་གསར་པ་ལྕམ་(Roberta Metsola)་ལགས།
སྒྲིག་བཟོ།/RFA

ལྕམ་(Roberta Metsola)་ལགས་ཡོ་རོབ་གྲོས་ཚོགས་ཀྱི་ཚོགས་གཙོར་བདམས་ཐོན་བྱུང་བར་སྤྱི་ནོར་༧གོང་ས་མཆོག་གིས་དགའ་བསུའི་འཚམས་འདྲི་དང་སྦྲགས་ལས་དོན་མཐའ་དག་གེགས་མེད་ལྷུན་འགྲུབ་ཡོང་བའི་སྨོན་འདུན་མཛད་འདུག
༧གོང་ས་མཆོག་གི་འཚམས་འདྲིའི་གསུངས་འཕྲིན་ནང་། ༧གོང་ས་མཆོག་གིས་ལྕམ་(Roberta)་ལགས་ནི། ཡོ་རོབ་གྲོས་ཚོགས་ཀྱི་ཚོགས་གཙོར་འོས་བདམས་བྱུང་བ་དགུང་ལོ་ཆུང་ཤོས་དང་། ཡོ་རོབ་གྲོས་ཚོགས་ཀྱི་ཚོགས་གཙོ་བུད་མེད་གསུམ་པ་དེ་ཡིན་པར་ངོས་འཛིན་མཛད་པ་དང་འབྲེལ། བུད་མེད་རྣམས་ནི་སྐྱེས་པ་ཕོ་ལས་མི་གཞན་གྱི་བདེ་སྡུག་ལ་དོན་དམ་པའི་སྒོ་ནས་སེམས་ཚབ་ཆེ་བ་བྱེད་མཁན་དང་། ཤེས་ནུས་ཀྱི་ནུས་པ་མང་བ་ཡོད་སྟབས་་བེུད་རྣམས་ཀྱིས་འཛམ་གླིང་འདི་ཞི་བདེ་ལྡན་པའི་ཕྱོགས་སུ་སྣེ་ཁྲིད་གནང་ཐུབ་རྒྱུ་ཡིན་ལུགས་གསུངས་ནས། ཡོ་རོབ་མཐུན་ཚོགས་ལ་བསྔགས་བརྗོད་མཛད་པ་དང་དུས་མཚུངས་ཡོ་རོབ་མཐུན་ཚོགས་ནི་རྒྱལ་ཁབ་འདྲ་མིན་དང་མི་རིགས་འདྲ་མིན་མང་པོ་མཉམ་འབྲེལ་དང་འཆམ་མཐུན་མཉམ་གནས་ཐུབ་པའི་སེམས་ཤུགས་སྤེལ་མཁན་གྱི་དཔེ་མཚོན་ཡག་ཤོས་ཤིག་ཡིན་པ་བཀའ་གནང་འདུག
ད་དུང་༧གོང་ས་མཆོག་གིས་དེ་སྔོན་༧མགོན་པོ་གང་ཉིད་ཡོ་རོབ་ཀྱི་གྲོས་ཚོགས་ནང་ཆིབས་བསྒྱུར་བསྐྱངས་གནང་བ་ཁག་ཐུགས་དྲན་གསོ་མཛད་པ་དང་འབྲེལ་ནས། ཡོ་རོབ་གྲོས་ཚོགས་ཀྱིས་༧མགོན་པོ་གང་ཉིད་ལ་གུས་བསུའི་སྣེ་ལེན་ཟབ་རྒྱས་ཞུས་པར་བཀྲིན་ཆེ་ཞུ་གནང་མཛད་པ་མ་ཟད། ༧གོང་ས་མཆོག་སྐུ་ཉིད་དང་བོད་མི་རྣམས་ལ་ཡོ་རོབ་གྲོས་ཚོགས་ཀྱིས་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་གནང་ཐོག བོད་དོན་དང་འབྲེལ་ཡོད་སྐོར་ལ། ཕྱི་ལོ་༡༩༨༨་ལོར་ཞི་མཐུན་མཉམ་གནས་ཀྱི་དགོངས་པའི་ཐོག་༧མགོན་པོ་གང་ཉིད་ནས་བོད་ཀྱི་གནད་དོན་དེ་བཞིན་རྒྱ་ནག་དང་བོད་ཕན་ཚུན་གཉིས་ཀར་ཁེ་ཕན་ཡོང་བ་དང་། བོད་ཀྱི་གནད་དོན་སེལ་ཐབས་ཆེད་ཀྱི་གྲོས་གཞི་གཞུང་འབྲེལ་སྒོ་ནས་འདོན་གནང་མཛད་ས་དེ་ཡང་དམིགས་སུ་བཀར་ནས་ཡོ་རོབ་མཐུན་ཚོགས་ཀྱི་གྲོས་ཚོགས་འདམས་པ་བཀའ་གནང་འདུག
མཐའ་དོན། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ལྕམ་(Roberta)་ལགས་ཡོ་རོབ་གྲོས་ཚོགས་ཀྱི་ཚོགས་གཙོའི་ཐུགས་འགན་བཞེས་རིང་བྱ་བ་ལས་དོན་མཐའ་དག་གེགས་མེད་ལྷུན་འགྲུབ་ཡོང་བའི་སྨོན་འདུན་མཛད་འདུག
ཉེ་ལམ་དགུང་ལོ་༦༥་ཡིན་པའི་ཡོ་རོབ་མཐུན་ཚོགས་ཀྱི་ཚོགས་གཙོ་སྐུ་ཞབས་(David Sassoli)་ལགས་ཛ་དྲག་ནད་གཞིའི་རྐྱེན་དགོངས་པ་རྫོགས་པའི་རྗེས། འདི་ཚེས་༡༨་ཉིན་ཡོ་རོབ་མཐུན་ཚོགས་ཁྲོད་ཀྱི་རྒྱལ་ཁབ་ཆུང་ཤོས་(Malta)་ཡི་གྲོས་ཚོགས་འཐུས་མི་ལྕམ་ (Roberta Metsola)་ལགས་ཡོ་རོབ་གྲོས་ཚོགས་ཀྱི་ཚོགས་གཙོར་བདམས་ཐོན་བྱུང་འདུག

གསར་འགོད་པ། སེང་གེ་རི་བསོད་ནམས་ལྷ་མོ།
རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎