བོད་མིའི་དབུ་ཁྲིད་༧གོང་ས་མཆོག་གིས་ཀ་ལུ་རིན་པོ་ཆེ་སློབ་ཚོགས་དང་བཅས་པར་མགོན་པོ་ཕྱག་དྲུག་པའི་རྗེས་གནང་སྩལ་ཡོད་པ།

2024.05.18
བོད་མིའི་དབུ་ཁྲིད་༧གོང་ས་མཆོག་གིས་ཀ་ལུ་རིན་པོ་ཆེ་སློབ་ཚོགས་དང་བཅས་པར་མགོན་པོ་ཕྱག་དྲུག་པའི་རྗེས་གནང་སྩལ་ཡོད་པ།
Photo OHHDL

བོད་མིའི་དབུ་ཁྲིད་༧གོང་ས་མཆོག་ལ་སྐྱབས་རྗེ་ཀ་ལུ་རིན་པོ་ཆེ་མཆོག་སློབ་ཚོགས་དང་བཅས་པའི་གསོལ་འདེབས་ཞུས་དོན་ལྟར། ༧གོང་ས་མཆོག་གིས་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ། སྤྱི་ཟླ་༥པའི་ཚེས་༡༨ཉིན་ཆེད་དུ་བྱ་བའི་གདུལ་བྱ་ཀ་ལུ་རིན་པོ་ཆེ་སློབ་ཚོགས་དང་བཅས་པར། མགོན་པོ་ཕྱག་དྲུག་པའི་རྗེས་གནང་བཀའ་དྲིན་ཆེ་གནང་ཡོད་ཅིང་། སྐབས་དེར་༧གོང་ས་མཆོག་གིས་ལྷ་སའི་ནོར་བུ་གླིང་ག་ནས་ཐོག་མར་བཙན་བྱོལ་དུ་ཕེབས་ཁ་དེར། མགོན་པོ་ཕྱག་དྲུག་པའི་མདུན་དུ་སྨོན་ལམ་བརྒྱབས་པར་མགོན་པོ་ཕྱག་དྲུག་པས་དབུ་ལྕོག་ལྕོག་གནང་བ་དང་། ངོས་རང་བཙན་བྱོལ་དུ་སླེབས་པའི་ལོ་དེ་གའི་རིང་། མགོན་པོ་ཕྱག་དྲུག་པའི་འཕྲིན་ལས་རྒྱུན་ཆད་མེད་པ་གསལ་བོ་རེད་ཅེས་བཀའ་ནན་སྩལ་གནང་གི་འདུག

ཡང་༧གོང་ས་མཆོག་དགུང་ལོ་ཆུང་ཆུང་གི་སྐབས་ནས་ནོར་བུ་གླིང་གར་མགོན་ཁང་དང་ཐག་ཉེ་བར་བཞུགས་ཏེ། ཕལ་ཆེར་མགོན་པོའི་གཅེས་ཕྲུག་གི་བཟོ་ནང་བཞིན་མགོན་པོ་ཕྱག་དྲུག་པ་དང་ཧ་ཅང་སེམས་ཐག་ཉེ་བོ་ཡིན་པ་དང་། རྒྱ་ནག་ཏུ་ཆིབས་སྒྱུར་སྐབས་དང་བཙན་བྱོལ་ནང་བཅས་སུ་མགོན་པོ་ཕྱག་དྲུག་པ་ནམ་ཡང་གཡོ་བ་མེད་པར་བསྟེན་བསྡད་ཡོད་པས།འཕྲིན་ལས་ཀྱི་འཇུག་པ་ཆེ་བ་དང་ཐུགས་རྗེའི་རྗེས་འཛིན་གཡོ་བ་མེད་པ་སོགས་བཀའ་གནང་ཡོད་ཅིང་།

ཡང་ཀ་ལུ་རིན་པོ་ཆེ་མགོན་པོ་དང་ཐུན་མོང་མ་ཡིན་པའི་འབྲེལ་བ་ཡོད་པ་དང།མགོན་པོ་ཕྱག་དྲུག་པ་ནི་གཞན་དང་མི་འདྲ་བ་སྟེ། ཐུན་མོང་གི་དངོས་གྲུབ་སྒྲུབ་པ་དང་བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་བཅས་སྒོམ་པར་མགོན་པོའི་སྡོང་གྲོགས་འཕྲིན་ལས་ཧ་ཅང་ཡག་པོ་ཡོད་པ་བཀའ་སྩལ་སོང་།

མགོན་པོའི་རྗེས་གནང་འདིར་འཛམ་གླིང་ཡུལ་གྲུ་ཁག་འདྲ་མིན་གྱི་ཆོས་ཞུ་བ་ལྔ་སྟོང་ལྔ་བརྒྱ་ལྷག་བཅར་ཡོད་པ་མང་ཆེ་བ། ནུབ་ཕྱོགས་རྒྱལ་ཁབ་ཁག་དང་ཝི་ཏི་ནམ།ཐེ་ཝན་དང་ཨུ་རུ་སུ་དང་བོད་མི་སོགས་ཡིན་པ་རེད། བཀའ་བརྒྱུད་པའི་བླ་མ་ཀ་ལུ་རིན་པོ་ཆེ་སྐུ་ཐོག་གོང་མ་ནི་སྤྱི་ལོ་༡༩༥༥ལོ་ནས་འབྲུག་བརྒྱུད་རྒྱ་གར་ནང་སྐྱབས་བཅོལ་དུ་ཕེབས་ཏེ། བོད་བརྒྱུད་ནང་བསྟན་ནུབ་ཕྱོགས་སུ་དར་ཁྱབ་གནང་མཁན་བོད་ཀྱི་བླ་མ་ཤུགས་རྐྱེན་ཆེ་ཤོས་ཤིག་ཡིན་པ་དང་། སྐུ་ཐོག་འདི་པ་ནི་སྤྱི་ལོ་༡༩༩༠ལོར་རྒྱ་གར་ནུབ་བྷང་གོལ་མངའ་སྡེའི་རྡོ་རྗེ་གླིང་དུ་སྐུ་འཁྲུངས་པ་ཞིག་ཆགས་ཡོད་པ་རེད།

གསར་འགོད་པ། བློ་བྷེ།
རྩོམ་སྒྲིག་པ། བསྟན་འཛིན་དོན་ཡོན། 

དྲ་ཐོག་སྤེལ་མཁན། བསྟན་འཛིན་དོན་ཡོན།  

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་ནང་གི་རྫ་སྟོད་རྫོང་གི་ས་འགུལ་ཁྲོད་མི་རྒྱུ་གཉིས་ལ་གནོད་སྐྱོན་བྱུང་མེད་སྐོར། བོད་ནང་གི་བོད་མིས་འགྲེལ་བརྗོད་གནང་གི་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎