༧གོང་ས་མཆོག་ཨའོསི་ཊརེ་ལི་ཡའི་གྲོང་ཁྱེར་Brisbaneདུ་ཕེབས་པ།
2015.06.11
ན་གཞོན་རྣམས་མི་ཡག་པོ་ཞིག་ཆགས་ཐུབ་པར་ཁོ་ཚོར་ཆུང་དུས་ནས་བྱམས་པ་དང་སྙིང་རྗེའི་ཐོག་ནས་གསོ་སྐྱོང་བྱེད་དགོས་པ་ཡིན།
དེ་ཡང་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས། འདི་ཚེས་༡༡ཉིན་ཨའོསི་ཊརེ་ལི་ཡའི་གྲོང་ཁྱེར་Brisbaneདུ་གསར་འགོད་པ་ཚོར་བཀའ་མོལ་གནང་བའི་སྐབས། སློབ་གྲ་ཁག་གི་ནང་བྱམས་པ་དང་སྙིང་རྗེ་སོགས་སེམས་ཡར་རྒྱས་གཏོང་རྒྱུའི་སློབ་སྦྱོང་སྤྲོད་དགོས་པ་གལ་གནད་ཆེན་པོར་གཟིགས་ཀྱི་ཡོད་པའི་དགོངས་ཚུལ་གསུངས་འདུག
དེ་ཡང་དེང་སྐབས་༧གོང་ས་ཆེན་པོ་མཆོག་ཨའོསི་ཊརེ་ལི་ཡའི་ནང་ཆིབས་བསྒྱུར་སྐྱོང་བཞིན་པ་ལྟར། འདི་ཚེས་༡༡ཉིན་ཡུལ་དེའི་གྲོང་ཁྱེར་Brisbaneདུ་དད་ལྡན་པ་བརྒྱ་ཕྲག་འགའ་ཤས་ལ་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པའི་དབུ་མ་རིན་ཆེན་ཕྲེང་བའི་གསུང་ཆོས་སྩལ་གནང་གྲུབ་པའི་རྗེས། གསར་འགོད་པར་བཀའ་མོལ་གནང་བའི་སྐབས། དེང་དུས་ཀྱི་སློབ་སྦྱོང་སྤྲོད་སྟངས་དེ་ཕྱི་དངོས་པོའི་ཡར་རྒྱས་གཅིག་པུར་དམིགས་ཀྱི་ཡོད་པ་དེར་ངོས་ཀྱི་སྐྱོན་ཆ་ཞིག་མཐོང་གི་འདུག ཕྱི་དངོས་པོའི་ཡར་རྒྱས་གཅིག་པུར་དམིགས་པ་དེ་ཡིས་ཁོང་ཁྲོ་དང༌། འཇིགས་སྣང་སོགས་མིའི་སེམས་ཀྱི་དཀའ་ངལ་རྣམས་སེལ་ཐུབ་ཀྱི་མེད། དེ་འདྲ་ཡིན་ཙང་། མིའི་སེམས་ཀྱི་དཀའ་ངལ་རྣམས་སེལ་ཐབས་ཡོང་བར་སློབ་གྲ་ཁག་གི་ནང་ཆུང་དུས་ནས་འཚར་ལོང་བྱེད་བཞིན་པའི་སློབ་ཕྲུག་ཚོར། བྱམས་པ་དང་སྙིང་རྗེ་བཅས་པའི་སྐོར་སློབ་སྟོན་བྱེད་དགོས་པ་གལ་ཆེན་པོ་མཐོང་གི་འདུག་པ་མ་ཟད། ཕྲུ་གུ་འཚར་ལོངས་བྱེད་སའི་ནང་མིའི་གནས་སྟངས་ཡང་ཞི་འཇམ་ཡོང་དགོས་པ་གལ་ཆེན་པོ་མཐོང་གི་འདུག ཕྲུ་གུ་ཚོར་ལྟོ་ཆས་ཡག་པོ་དང༌། སྟོབས་བསྐྱེད་སྨན་སྤྲད་པ་ཙམ་གྱིས་འགྲིག་ཐབས་མེད། ན་གཞོན་རྣམས་མི་ཡག་པོ་ཞིག་ཆགས་ཐུབ་པར་ཁོ་ཚོར་ཆུང་དུས་ནས་བྱམས་པ་དང་སྙིང་རྗེའི་ཐོག་ནས་གསོ་སྐྱོང་བྱེད་དགོས་པ་ཡིན་ཅེས་བཀའ་སྩལ་གནང་མཛད་འདུག
གསར་འགོད་པ་ངག་དབང་ཆོས་འཕེལ།